གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

རྩོམ་པ་པོ། ཁ་ལ་ཡུག༼སྡེ་དགེ།༽ རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༠ཉིན།

༄༅།།གངས་འདབས་ཀྱི་འབྲོག་པ།

ཁ་ལ་ཡུག


ལ་དང་ལུང་པ་བརྒལ་ནས་གངས་འདབས་སུ་ཕྱིན་ཏེ།།  


གྲང་ངར་ལྷག་པས་སྡོངས་བའི་ནམ་ཟླ་ལ་རོལ་བ།། 
ཆར་རླུང་འགོག་པའི་སྦྲ་གུར་སྦྲ་འོག་ཏུ་གཞའ་ཚེ།། 
སྣང་ཡུལ་གང་དུ་མཐོང་ཡང་སྐྱོ་ཉམས་ཤིག་མེད་པ།།  
ཟད་དུ་མེད་པའི་རྩྭ་ཐང་རིམ་བཞིན་དུ་བགྲོད་ནས།།  
མཐའ་བཞིར་ལོག་འགྲོས་ཟིན་པའི་རྟ་ནོར་དང་ལུག་ཁྱུ།། 
ཀི་དང་འུར་གྱིས་འུར་རྡོ་ལན་ལན་དུ་འཕངས་ནས།  
ཕྱོགས་སུ་ཉུལ་བའི་སྒོ་ཟོག་སླས་ར་ལ་ཕབས་ཤིག།  
ཉི་འོད་སྦྲ་གུར་ཕོག་པའི་ནངས་མོ་ཡི་དང་པོར།། 
མེ་ཐབ་དྲོན་པོའི་དུ་བ་ལོང་ལོང་དུ་འཕྱུར་དུས།།  
འབྲི་དང་མཛོ་མོའི་མ་བུ་འདུ་འཛོམས་ལ་རན་པས།།  
བློ་དང་བཀོད་དུ་མེད་པའི་དགའ་ཉམས་རེ་སྐྱེས་པ།། 
རྟ་ཕོའི་མཚེར་སྒྲ་སླས་རའི་མཐའ་རྒྱབ་ཏུ་སྒྲོག་ཅིག། 
གཡང་དཀར་ལུག་ཁྱུའི་འབའ་སྒྲ་གདང་ར་ནས་ཐོས་པ།། 
ཁྱུང་ཁམ་མཛོ་ཕོའི་ངར་སྒྲ་སྟོད་ཕྱོགས་ལ་གྲག་ནས།།  
རྨད་དུ་བྱུང་བའི་ལོ་ཟླ་འབྲོག་ཁུལ་དུ་ཚེས་པ།། 
ཉེ་སའི་སླས་རྒྱབ་སླས་ནང་སྒོ་ཟོག་ལ་དམིགས་པའི།། 
སྤྱང་ལྟོགས་རི་ཐང་ཉུལ་བའི་སྟངས་སྟབས་ལ་བལྟས་ན།། 
དོགས་པ་ཅུང་ཟད་མེད་པའི་འདུ་འགོད་རང་བྱས་པ།།  
འོན་ཀྱང་འབྲོག་ཐོག་བྱིས་པ་སྤོབས་པ་རང་མ་ཉམས།། 
རླུང་དང་ཆར་རྡུལ་ཁྲོད་ཀྱི་གྲང་འཁྱགས་ལ་རོལ་བའི།།
ཆར་ཆུས་འཛད་དུ་མེད་པའི་ཕྱིང་པ་ཡི་ཆར་གོས།།  
གོན་ནས་རྒྱང་དང་རིང་དུ་རྫི་བོ་ལ་འགྲོ་ཚེ།། 
སྒང་ནས་མདའ་རུ་མཐོང་པའི་སྦྲ་གུར་དེ་དྲན་བྱུང་།།  
འོ་མ་རྒྱ་མཚོ་འཁྱིལ་འདྲའི་འོ་ཟོ་ཡི་ནང་ན།།  
དཀར་པོ་དུང་ལས་དཀར་བའི་མཛོ་མོ་ཡི་འོ་མ།།  
སེར་པོ་གསེར་ལས་ལྷག་པའི་འབྲི་མོ་ཡི་འོ་མ།།  
ལྟོགས་སྙམ་དོགས་པ་མེད་པའི་བྲོ་བཅུད་ལ་རོལ་བ།།  
ནམ་དུས་དབྱར་རུ་དགུན་མཚེར་མཚམས་མཚམས་སུ་བརྗེ་ནས།།   
རྩྭ་རྡུལ་འདོད་དགུ་འཇོ་བའི་ཁོར་ཡུག་རེ་བཙལ་བ།།  
རི་ལུང་ཐང་གསུམ་བརྒལ་བའི་རྫི་བོ་ཡི་གོམ་སྟབས།། 
དུས་ཀུན་ལྷག་ཏུ་མེད་པ་ནོར་རྗེས་སུ་ཕྱོགས་པ།། 
ཉི་མ་ནུབ་ཏུ་བཞུད་ནས་ས་རུབ་ལ་ཉེ་དུས།། 
ཨ་ཁུ་འབྲོག་པས་ནོར་གནག་ལན་གཅིག་ཏུ་རུག་པ།།
རླས་མཐའ་བཅིངས་བའི་འབྲོག་ཁྱི་རྒྱ་རྒྱ་ཡིས་ངར་སྒྲས།།  
མཐའ་འཁོར་གཉུག་པའི་གཅན་གཟན་ཕ་མཐའ་རུ་བསྐྲད་པ།།  
ལང་ཚོ་དར་ལ་བབ་པའི་ཕོ་གཞོན་དང་མོ་གཞོན།།  
ལན་དང་ལན་དུ་གླུ་ཤགས་མགུལ་མོ་སོགས་བྱེད་དེ།།  
ཇ་ཐབ་གཡས་གཡོན་ཁུད་ཁུད་རང་རང་དུ་སྡོད་ལ།།   
བསམ་བཞིན་བཅོས་མིན་ཞལ་འཛུམ་སོ་སོ་ལ་མངོན་པ།།  
རྫ་ཆུ་དྭངས་མོ་སྤང་གི་ཐང་དཀྱུལ་ལ་བཞུར་ནས།།  
དབྱར་ཟླ་གསུམ་པར་མེ་ཏོག་སྣ་བརྒྱ་རུ་བཞད་དུས།
བདེ་ཉམས་ཆེ་བའི་བེའུ་ལུ་གུ་ཡིས་རྩེན་ཉམས།།  
ཐང་མཐའ་མེད་པའི་རྩྭ་ཐང་མཐའ་དབུས་ལ་ངོམ་པ།།  
དཀར་གསུམ་ཟས་ཀྱི་གྲོ་ཁ་དགོས་འདོད་དུ་བྱེད་ནས།།   
རྒྱ་ཆེ་དོན་ལ་གནས་པའི་འཚོ་ཐབས་སོགས་བསྐྲུན་ལ།། 
ལོངས་སྤྱོད་རབ་ཏུ་འཇོ་བའི་དཔལ་ཡོན་གྱི་འབྲོག་ཁུལ།། 
འབྱོར་ལྡན་ཀླུ་ཡུལ་འགྲན་པའི་བརྗིད་ཉམས་ཤིག་མངའ་བ།།  


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1