བྱེ་བགྲོད་རླངས་འཁོར་ཐེངས་མང་ལ་དར་རྩེ་མདོའི་རུས་འགྱུར་གྲམ་པ་རུ་བསྐྱོད་པས་འབྲེལ་ ཡོད་སྡེ་ཚན་གྱིས་བརྟག་དཔྱད་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-21



༄༅།།བྱེ་བགྲོད་རླངས་འཁོར་ཐེངས་མང་ལ་དར་རྩེ་མདོའི་རུས་འགྱུར་གྲམ་པ་རུ་བསྐྱོད་པས་འབྲེལ་
ཡོད་སྡེ་ཚན་གྱིས་བརྟག་དཔྱད་བྱས་པ།
       ཀྲུང་གོ་གསར་འགྱུར་དྲ་བས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་18ཉིན། བྱེ་བགྲོད་རླངས་འཁོར་གསུམ་རུས་འགྱུར་གྲམ་པ་རུ་བསྐོར་བའི་བརྙན་ཐུང་ལ་དྲ་གྲོགས་མང་པོས་གྲོས་བསྡུར་དང་རྒོལ་གཏམ་གཏོང་བཞིན་ཡོད་ཅིང་། བརྙན་ཐུང་དེ་རིགས་ནི་དྲ་གྲོགས་ཀྱིས་སི་ཁྲོན་དར་རྩེ་མདོ་ལྕགས་གད་གཡང་ཁ་ཉག་གའི་རུས་འགྱུར་གྲམ་པའི་ཉེ་འཁོར་ནས་བརྒྱབ་པ་དང་། མིག་སྔར། དར་རྩེ་མདོ་གྲོང་ཁྱེར་ཡུལ་སྐོར་ཁྲིམས་བསྟར་སྡེ་ཚན་གྱིས་བརྟག་དཔྱད་བྱེད་བཞིན་ཡོད།
   “ཁམས་དཀར་མཛེས་”ཐོག་སྤེལ་བའི་པར་རིས་དང་བརྙན་ཐུང་ལས་མངོན་གསལ། 2020ལོའི་ཟླ་5ཚེས་16ཉིན་དར་རྩེ་མདོ་གཡང་ཁ་ཉག་གའི་རུས་འགྱུར་གྲམ་པ་རུ། བྱེ་བགྲོད་རླངས་འཁོར་གསུམ་རུས་འགྱུར་གྲམ་པ་རུ་བཞག་ཡོད་པ་དང་། བརྙན་ཐུང་ནང་ད་དུང་བྱེ་བགྲོད་རླངས་འཁོར་གྱིས་རུས་འགྱུར་གྲམ་པ་རུ་བསྐོར་རྒྱུག་བྱེད་བཞིན་ཡོད།
    2018ལོར། པིན་ཁྲི་Gསྤྲོ་སྐྱིད་ཁང་ལྷོ་ནུབ་ཡན་ལག་གིས་ལྕགས་གད་ནས་བརྒལ་སྐབས། པིན་ཁྲི་རླངས་འཁོར་5ནས་7བར་རུས་འགྱུར་གྲམ་པ་བརྫིས་ནས་བསྐྱོད་པ་རེད། སྤྲོ་སྐྱིད་ཁང་དེས་སྤེལ་བའི་གླེང་སྟེགས་དྲ་ངོས་ཀྱི་པར་རིས་ལས་མངོན་གསལ། པིན་ཁྲི་རླངས་འཁོར་མང་པོ་རུས་འགྱུར་གྲམ་པ་རུ་བསྐོར་བཞིན་ཡོད་པ་དང་། སྦྱར་ཡིག་ཐོག་ཏུ། “བར་བརྒལ་འགྲན་མཆོང་བྱས་ན། ‘རྒྱུན་ལྡན་མིན་པའི་ལམ་དུ་བསྐྱོད་དགོས།’”ཞེས་བཀོད་ཡོད། གནད་དོན་འདི་རིགས་དཀར་མཛེས་ཁུལ་དར་རྩེ་མདོ་དང་། ལི་ཐང་དགེ་བསྙེན་མཛེས་ལྗོངས་ཁུལ་དུ་ཐེངས་མང་ཐོན་མང་བྱུང་ཡོད་ཅིང་། དེ་སྔ་2010ལོ་ནས་“བྱེ་བགྲོད་རིགས་E”ཡི་གླེང་སྟེགས་ཐོག་དྲ་གྲོགས་ཁ་ཤས་ཀྱིས་ལྕགས་གད་རུས་འགྱུར་གྲམ་པ་རླངས་འཁོར་གྱིས་བརྗིས་པའི་གནས་ཚུལ་སྤེལ་ཡོད།
     དར་རྩེ་མདོ་ལྕགས་གད་ཤང་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡས་མས་སུ་གནས་པ་དང་། རི་མཐོའི་ལུང་གཞུང་གི་སྤང་ལྗོངས་ས་དབྱིབས་སུ་གཏོགས། དེ་ནས་ཤར་ལྷོ་ཕྱོགས་ཀྱི་གངས་དཀར་རི་བོ་མཐོང་ཐུབ་ལ། ད་དུང་དབྱིབས་འདྲ་མིན་གྱི་ཁ་མདོག་སྣ་ལྔའི་རུས་འགྱུར་རྫིང་བུ་མཐོང་ཐུབ། རུས་འགྱུར་གྲམ་པ་ནི་རྫས་འགྱུར་དངོས་རིགས་འབོར་ཆེན་འདུས་པའི་ཆུ་མིག་ས་ངོས་སུ་སྙིགས་པ་ལས་གྲུབ་པ་ཞིག་རེད། རི་ལ་བརྟེན་ནས་རིམ་བཞིན་ཐུར་དུ་ཆུ་མིག་ས་རིམ་8གྲུབ་ཡོད་པ་དང་། ས་རིམ་རེའི་ཐོག་ཏུ་ཆེ་ཆུང་མི་འདྲ་བ་དང་། དབྱིབས་མི་འདྲ་ལ་ཁ་མདོག་མི་འདྲ་བའི་ཆུ་མིག་བཅུ་ལྷག་ཡོད་ཅིང་། སྤྱིའི་རིང་ཚད་ལ་སྨི3000དང་། ཞེང་ཚད་ལ་སྨི་200ཙམ་ཡོད། མིག་གིས་མཐོང་ཐུབ་པའི་རུས་འགྱུར་གྲམ་པའི་ཆུ་ངོས་3ཡོད།  
     འདི་འདྲའི་གཏོར་བཤིག་གི་བྱ་སྤྱོད་མཐོང་དུས། དྲ་གྲོགས་མང་པོས་བྱེ་བགྲོད་ཁ་ལོ་བར་རྒོལ་གཏམ་དྲག་པོ་བཏང་བ་དང་། དྲ་གྲོགས་ཚོས། ཁོང་ཚོའི་གཏོར་བཤིག་བྱེད་སྤྱོད་ལ་བློ་ཕམ་པ་དང་། བྱུར་ཉེས་བཟོ་མཁན་གྱིས་ཡོངས་བསྒྲགས་ངང་དགོངས་དག་ཞུ་བའི་རེ་བ་བྱེད་ཀྱི་ཡོད། དུས་མཚུངས་སུ། འབྲེལ་ཡོད་སྡེ་ཚན་གྱིས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། གཏོར་བཤིག་གཏོང་མཁན་ལ་ཉེས་ཆད་དྲག་པོ་བཅད་དེ་མིང་ཐོ་ནག་པོའི་ནང་བཀོད་རྒྱུའི་རེ་བ་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1