གཙོ་ངོས།>> སྒྱུ་རྩལ།>>ལག་རྩལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༡ཉིན།

༄༅།།བོད་གྲིའི་འབྱུང་ཁུངས།



          ཤོད་རྒྱུན་དུ་གྲི་ཟེར་བའི་མིང་ནི་དཔའ་བོ་གྲི་ལྷ་སྒམ་པོར་དྲན་གསོ་བྱ་ཆེད་བཏགས་པ་ཞིག་ཡིན་ཞིང་། སྔོན་ཆད་ཡངས་པའི་རྩྭ་ཐང་དུ་འཚོ་གནས་བྱེད་མཁན་བོད་རིགས་འབྲོག་པ་མང་ཆེ་བས་བོད་གྲི་འདོགས་སྲོལ་ཡོད། འོན་ཀྱང་ཕྱུགས་བདག་དང་འགོ་པ་ཚོས་རང་ཉིད་ཀྱི་དབང་གྲགས་སྲུང་ཆེད། འབྲོག་པར་གྲི་གོང་ལ་སྤྲོད་དགོས་པའི་བཙན་སྐུལ་བྱེད་པ་དང་། འབྲོག་པ་མང་པོ་ཞིག་གིས་གྲི་མ་སྤྲད་པའི་དབང་གིས་འཛིན་བཟུང་བྱས་པའི་གནས་ཚུལ་དེ་དག་དཔའ་བོ་གྲི་ལྷ་སྒམ་པོས་ཐོས་རྗེས་ཁོ་པས་རང་ཉིད་ཀྱི་སྤུན་ཟླ་སྐྱོབ་ཕྱིར་གྲི་འཕྱར་བཞིན་ཕྱུགས་བདག་དང་འགོ་པ་གསོད་པར་འགྲོ་གི་ཡོད། 
          གྲི་ལྷ་སྒམ་པོ་མི་གཅིག་གིས་ཕ་རོལ་གྱི་དགྲ་བོ་མང་པོ་དང་འཐབ་རྩོད་བྱས་མཐར་རང་སྲོག་ཤོར་བས། དེས་ན་འབྲོག་པ་ཚོས་ཁོང་ལ་དྲན་གསོ་བྱ་ཆེད་གྲི་ཞེས་པའི་མིང་དེ་ལྟར་བྱུང་བར་གྲགས།

          བོད་གྲི་ནི་བོད་རིགས་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ནང་མེད་དུ་མི་རུང་བའི་ལག་ཆ་ཞིག་ཡིན་ཞིང་། དེའི་བཟོ་ལྟ་དང་བཟོ་རྩལ་ཚང་མར་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཁར་རྒྱལ་ཁབ་ཕྱི་ནང་དུའང་སྐད་གྲགས་ཆེན་པོ་ཡོད། མི་མང་པོ་ཞིག་གིས་བོད་རིགས་ཀྱི་ཁྱད་ཆོས་གླེང་སྐབས་བོད་རིགས་མི་དམངས་དང་བོད་གྲིའི་དབར་གྱི་འབྲེལ་བ་གླེང་གི་ཡོད། བོད་གྲིར་གོ་ཆོད་ཀྱི་རིན་ཐང་ཆེན་པོ་ལྡན་ལ། སྒྱུ་རྩལ་དང་རིག་གནས་ཀྱི་མྱོང་རོལ་རིན་ཐང་ཡང་ཆེན་པོ་ལྡན་ཡོད། ད་ཆ་བོད་གྲི་དེ་མི་མང་པོས་དར་སོ་ཆེ་བའི་ཡུལ་སྐོར་དྲན་རྟེན་དངོས་པོ་དང་ལག་རྟགས་གལ་ཆེན་དུ་བརྩིས་ནས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

          རྒྱུན་དུ་བོད་གྲིར་གློ་གྲི་ཡང་ཟེར་ཞིང་། རྒྱུ་གཙོ་བོ་ལྕགས་ལས་གྲུབ་པ་དང་། ལྕགས་བཟོ་བས་རང་གི་ལག་ཤེས་ལ་བརྟེན་ནས་ལས་སྣོན་ཞིབ་ཚགས་བྱེད་ཀྱི་ཡོད། བོད་གྲི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་གྲི་རྡུང་རྩལ་ཡང་བོད་རིགས་ས་ཁུལ་ཡོངས་སུ་རྒྱུན་འཛིན་ཐུབ་སྟེ། ས་གནས་ཁག་གི་ལྕགས་བཟོ་བས་ཡུལ་བབ་དང་བསྟུན་ནས་རང་སོ་སོའི་ཁྱད་ཆོས་ལྡན་ལ་ནུས་པ་མི་འདྲ་བའི་བོད་གྲི་ཁྲོམ་རའི་ཐོག་འགྲེམས་ཚོང་བྱེད་ཀྱི་ཡོད། ད་ཆ་བོད་ལ་བོད་གྲི་དང་འབྲེལ་བའི་བོད་གྲིའི་རིག་གནས་ཤིག་རིམ་གྱིས་ཆགས་ཡོད་ཅིང་། བོད་གྲིའི་རིག་གནས་དེ་ཡང་མ་ཉམས་པར་སྔར་བཞིན་བོད་མིའི་འཚོ་བའི་ཁྲོད་རྒྱ་ཁྱབ་འགྲོ་བཞིན་ཡོད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1