གཙོ་ངོས།>> སྒྱུ་རྩལ།>>ལག་རྩལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་པོ་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༡ཉིན།

༄༅།།རྣམ་གླིང་ཟངས་བརྡུངས་ལག་རྩལ།



          རྣམ་གླིང་ཟངས་བརྡུངས་ལག་རྩལ་དར་ཡུལ་ནི་བོད་ལྗོངས་གཞིས་རྩེ་ས་གནས་ཀྱི་བྱང་ཤར་རྣམ་གླིང་རྗོང་ཨེ་མར་ཤང་རྩེ་གདོང་ཡུལ་དུ་ཡིན། རྩེ་གདོང་ཡུལ་ནི་ཤར་ནུབ་བྱང་གསུམ་རི་བོས་བསྐོར་བའི་དབུས་སུ་སྒོར་རྔའི་དབྱིབས་ལྟར་ཆགས་ཡོད། ཡུལ་དེར་དེ་སྔོན་སློབ་དཔོན་པད་མ་འབྱུང་གནས་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས་ཞབས་བཅགས་ནས་བྱིན་གྱིས་རླབས་མྱོང་བར་གྲགས་ཤིང་། རྩེ་གདོང་ཡུལ་དུ་ཟངས་བརྡུངས་ལག་རྩལ་དར་བའི་དུས་ཚོད་ཧ་ཅང་སྔ་ཞིང་རྒྱལ་དབང་སྐུ་ཕྲེང་བཅུ་པའི་དུས་ནས་དར་བར་བཤད་ཅིང་། ད་བར་མི་ལོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། འདས་ཟིན་པའི་མི་རབས་དྲུག་ཙམ་གྱི་ནང་དུ་རྩེ་གདོང་ཟངས་བརྡུངས་ལག་རྩལ་པས་ཧུར་བརྩོན་ལ་བརྟེན་པའི་ཕྱག་རྗེས་ད་བར་མ་ཉམས་པར་བོད་ཁུལ་དགོན་སྡེ་མང་དག་ཅིག་གི་ནང་དུ་གནས་ཡོད། རྩེ་གདོང་མི་རིགས་ཟངས་བརྡུངས་ལག་རྩལ་ལ་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་མ་ཟད། བོད་མི་རིགས་ཀྱི་ཉམས་འགྱུར་མངོན་གསལ་དོད་པོ་ཡོད། རྣམ་གླིང་ཟངས་བརྡུངས་ལག་རྩལ་གྱི་ལོ་རྒྱུས་འབྱུང་ཁུངས་ངོས་ནས་བཤད་ན། རྣམ་གླིང་ཟངས་བརྡུངས་ལག་རྩལ་གྱི་ལོ་རྒྱུས་ཡུན་རིང་ཞིང་། ལོ་རྒྱུས་ཁུངས་གཏུག་ན་རྒྱལ་དབང་སྐུ་ཕྲེང་བཅུ་པའི་དུས་ནས་དར་ཡོད་ཅིང་། དུས་རབས་རིམ་བྱུང་ནང་བོད་ལ་ནང་ཆོས་དར་ཁྱབ་ཆེ་རུ་ཕྱིན་པ་དང་བསྟུན་ནས། བོད་ཀྱི་བརྐོས་དཀྲོལ་ལག་རྩལ་ཡང་རིམ་བཞིན་འཕེལ་རྒྱས་ཕྱིན་ཡོད་པ་མ་ཟད་སྤྱི་ཚོགས་ཐོག་ཕན་ནུས་ཀྱང་མི་དམན་པ་ཐོན་ཐུབ་པ་བྱུང་ཡོད། དེ་ཡང་དཔལ་ས་སྐྱའི་བདག་ཁྲི་ཁྲི་རབས་སུམ་ཅུ་སོ་ལྔ་བའི་སྐབས་སུ་བོད་དུ་སྐུ་རྟེན་བཞེངས་མཁན་གྱི་བཟོ་བོ་མཁས་པ་ཤིན་ཏུ་དཀོན་ཞིང་ལྷ་དང་བླ་མ། ཡི་དམ་སོགས་ཀྱི་སྐུ་རྟེན་བཞེངས་སྐྲུན་གྱི་ལག་རྩལ་མཆོག་ཏུ་གྱུར་པའི་ཡུལ་ནི་སྐབས་དེར་བལ་པོ་ཡིན་པ་ངོས་འཛིན་གནང་གི་ཡོད་ཅིང་། ཁོང་གིས་བོད་ཀྱི་གཞོན་ནུ་ཁ་ཤས་བལ་ཡུལ་དུ་སྐུ་རྟེན་བཞེངས་སྐྲུན་བྱ་རྒྱུའི་ལག་རྩལ་སློབ་སྦྱོང་བྱེད་པར་གཏོང་གནང་མཛད་ཡོད་རུང་། སྐབས་དེར་བལ་པོའི་བཟོ་བོས་ཁས་ལེན་མ་བྱས་པས་བོད་ཕྲུག་དག་རང་ཡུལ་ལོག་དགོས་བྱུང་། དེ་རྗེས་ཁོང་གིས་འབུར་གྱི་སྐུ་རྟེན་བཞེངས་སྐྲུན་ཐུབ་པའི་ལག་རྩལ་ཕུལ་དུ་བྱུང་བ་འདི་དག་བོད་མི་རྣམས་ལ་འཇགས་ཕྱིར་ཐབས་མཁས་ཀྱིས་དགོངས་བཞེད་གང་ལེགས་གནང་མཐར་བལ་པོའི་བཟོ་བོ་མཁས་མཆོག་མི་གསུམ་ས་སྐྱར་ཆེད་དུ་གདན་དྲངས་ཐོག་གླ་རྔན་གྱ་ནོམ་པར་གནང་སྟེ་ལོ་མང་ཐུགས་ཉར་གྱིས་སྐུ་རྟེན་བཞེངས་སྐྲུན་བྱ་བར་བཅུག་གནང་ཞིང་། སྐབས་དེར་རྣམ་གླིང་རྫོང་རྩེ་གདོང་ནས་ཡིན་པའི་མི་དྲག་གི་བུ་ཕྲུག་རིགས་རྒྱུད་གཙང་ཞིང་གཤིས་སྤྱོད་བཟང་བ་འགའ་ཞིག་ཀྱང་བསྐོང་འགུག་གནང་ནས་བུ་ཕྲུག་དེ་ཁྲོད་ནས་ཁོང་གིས་བློ་རིག་བཀྲ་བ་ལ་སྤྱང་གྲུང་འཛོམས་པའི་བུ་གསུམ་འདེམས་སྒྲུག་གིས་ཕྱི་ཚུལ་དུ་བལ་པོའི་བཟོ་བོའི་ལག་གཡོག་ཡིན་ཁུལ་དུ་འཇོག་གནང་ཞིང་། དོན་དངོས་ཐོག་ཉིན་མོར་བལ་བཟོའི་ལག་རྩལ་གྱི་དཀའ་གནད་མཐའ་དག་བློ་ཐོག་ཏུ་འཇོག་ཐབས་ཀྱིས་སློབ་སྦྱོང་དང་ཉམས་མྱོང་གང་མང་གང་ལེགས་གསོག་སྒྲུབ་བྱེད་དུ་བཅུག་ཐོག་མཚན་མོར་བདག་ཁྲི་རིན་པོ་ཆེ་མཆོག་ནས་བུ་ཕྲུག་གསུམ་པོར་མདོ་རྒྱུད་ཀྱི་གཞུང་དང་། ལྷ་སྐུའི་ཐིག་ཚད་འབེབས་ལུགས་ཀྱི་མན་ངག་ལྷོ་བྲག་སྨན་ཐང་ཡིད་བཞིན་ནོར་བུའི་དགོངས་རྒྱན་བཤད་ཁྲིད་གཟབ་ནན་མཐར་ཕྱིན་མཛད་དེ། མདོ་རྒྱུད་ཀྱི་དགོངས་དོན་དང་ལས་གཞི་སྦྱོར་བ། བླ་མའི་མན་ངག་བཅས་ཀྱི་བཀའ་དྲིན་འོག་མི་རིང་བར་སྐུ་རྟེན་འབུར་བཞེངས་ཀྱི་ལས་གཞི་དངོས་ཀྱི་སྦྱངས་འབྲས་ལེགས་པར་ཐོན་ཏེ་བཟོ་བོ་མཁས་པའི་ཡང་རྩེར་སོན། སྐབས་དེར་བདག་ཁྲི་རིན་པོ་ཆེའི་བསྟན་དོན་དགོངས་གཞི་ཟབ་མོ་དང་ཡོངས་སུ་མཐུན་ཞིང་སློབ་ཕྲུག་ཚོར་བཟོ་བོ་ལྷར་སྐྱེས་ལ་སོགས་དབང་ལུང་ཁྲིད་གསུམ་གྱི་རྒྱུད་སྨིན་པར་མཛད། དེ་ནས་བཟུང་གཙང་གི་རྩེ་གདོང་ཡུལ་གྱི་ཟངས་བརྡུང་བརྐོས་དཀྲོལ་ལག་རྩལ་དར་ཁྱབ་ཤུགས་ཆེར་ཕྱིན་པ་མ་ཟད། ལག་རྩལ་དེ་རིགས་ལ་མཁས་པའི་མཁས་དབང་ཡང་ཆར་རྗེས་ཀྱི་ཤ་མོ་བཞིན་དུ་འཕེལ་ཡོད། ༡༩༣༥ལོར་རྩེ་གདོང་ཁུལ་གྱི་བཟོ་བོ་མཁས་པ་མི་དྲུག་ཙམ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་ཉམས་གསོ་བྱེད་པའི་བྱ་བའི་ཁྲོད་དུ་བཞུགས་པ་མ་ཟད་ཉམས་བཟོ་མཐར་ཕྱིན་གནང་བས། སྐབས་འདིར་དགའ་ལྡན་ཕོ་བྲང་ནས་ཀྱང་རྩེ་གདོང་ཡུལ་གྱི་བཟོ་བོ་མཁས་པ་རྣམས་ཀྱི་བྱས་རྗེས་ལ་གཟེངས་བསྟོད་ཀྱང་གནང་ཡོད། དུས་དེ་ནས་བཟུང་རྩེ་གདོང་ཡུལ་གྱི་ཟངས་བརྡུངས་བརྐོས་དཀྲོལ་གྱི་ལག་རྩལ་ལ་མཁས་པའི་གྲགས་པ་ཡོངས་སུ་ཁྱབ་ནས་རྩེ་གདོང་རིག་པའི་འབྱུང་གནས་ཞེས་པའི་མིང་ཡང་ཐོགས་ཡོད། རྣམ་གླིང་ཟངས་བརྡུངས་ལག་རྩལ་གྱི་གཞི་རྩའི་ནང་དོན་ངོས་ནས་བརྗོད་ན། རྩེ་གདོང་ཟངས་བརྡུང་བརྐོས་དཀྲོལ་ལག་རྩལ་གྱི་ལོ་རྒྱུས་ཡུན་རིང་ཞིང་། དེ་ནི་གཙང་ཁུལ་གྱི་མི་རིགས་ལག་ཤེས་བཟོ་རྩལ་གྱི་ཚབ་མཚོན་རང་བཞིན་དུ་གྱུར་ཡོད་ལ། རྩེ་གདོང་ཟངས་བརྡུངས་བརྐོས་དཀྲོལ་ལག་རྩལ་དེ་ནི་གཙོ་བོ་ལྷ་སྐུ་རྟེན་བཞེངས་རྒྱུ་དེ་ཡིན་ཞིང་། ཁོང་ཚོའི་ཕྱག་རྗེས་དེ་དག་ནི་དགོན་པའི་ནང་དུ་མ་ཉམས་པར་གནས་ཐུབ་ཡོད་ཅིང་། བཟོ་ལྟ་དཔེ་གསར་དང་། ལག་རྩལ་རྩེར་སོན་པ། སྒྱུ་རྩལ་ཕུལ་དུ་བྱུང་བ་བཅས་ཀྱིས་ས་གནས་དེའི་མི་རིགས་ལག་རྩལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་ཐུབ་པ་བྱུང་ཡོད། རྩེ་གདོང་ཟངས་བརྡུང་བརྐོས་དཀྲོལ་གྱི་བཟོ་རྩལ་རྒྱུད་རིམ་ནི་རྙོག་འཛིང་ཆེན་པོ་ཡིན་ཏེ་བཟོ་རྩལ་གྱི་ལས་རིམ་རེ་རེ་ལ་ལག་རྩལ་གྱི་ཆུ་ཚད་མཐོ་པོ་དགོས། ལྷ་སྐུ་བརྐོས་དཀྲོལ་སྐབས་མཁོ་བའི་རྒྱུ་ཆ་གཙོ་བོ་ནི་ཟངས་ཡིན་ཞིང་། གཞན་གྱི་དངོས་པོ་བཟོ་སྐབས་རྒྱུ་ཆ་ཟངས་ཙམ་མ་ཟད་གསེར་དངུལ་དང་དེ་བཞིན་ལྕགས་རིགས་སྣ་ཚོགས་བེད་སྤྱོད་བྱེད་ཀྱི་ཡོད། ཟངས་བརྡུངས་བརྐོས་དཀྲོལ་སྐབས་མཁོ་བའི་ལག་ཆའི་ངོས་ནས་བརྗོད་ན་བླུགས་ཆས་དང་། བཞུ་སྣོད། སྐམ་པ། ཐོ་བ། གཙབ་སྟན་ལ་སོགས་དགོས། རྣམ་གླིང་ཟངས་བརྡུངས་ལག་རྩལ་གྱི་གཙོ་བོའི་ཁྱད་ཆོས་ངོས་ནས་བཤད་ན། ཟངས་བརྡུངས་བརྐོས་དཀྲོལ་ནི་གཙོ་བོ་ལྷ་སྐུ་རྟེན་བཞེངས་སྐབས་སུ་སྤྱོད་ཅིང་། ལྷ་སྐུ་དེ་དག་ནི་ཕལ་ཆེ་བ་དགོན་སྡེའི་ནང་དུ་གནས་ཡོད་ལ། ཁོང་ཚོའི་ལག་རྩལ་དེ་རིགས་ནི་སྟབས་བདེའི་ལག་ཆ་ཁ་ཤས་ཕུད་ཚང་མ་བཟོ་བོ་རྣམས་ཀྱི་ལག་གཉིས་ལ་བསྟེན་པ་ཤ་སྟག་ཡིན། ལྷ་སྐུ་གཅིག་བཞེངས་པར་ཉུང་མཐར་ལ་ཟླ་བ་གཅིག་ནས་གཉིས་བར་གྱི་འབད་བརྩོན་ལ་བརྟེན་དགོས་ཤིང་། སྐབས་རེ་ལོ་གཅིག་གཉིས་ཀྱི་དུས་ཚོད་ཀྱང་འགོར་གྱི་ཡོད། ཁོང་ཚོའི་ཕྱག་རྗེསཀྱི་བཟོ་དབྱིབས་གསོན་ཉམས་ལྡན་ལ། བརྐོས་རིས་ཞིབ་ཚགས་པ། རྒྱུ་སྤུས་གཙང་ལ་ལག་རྩལ་རྩེར་སོན་པ་བཅས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད། རྣམ་གླིང་ཟངས་བརྡུངས་ལག་རྩལ་གྱི་རིན་ཐང་ངོས་ནས་བཤད་ན། གཅིག  རྩེ་གདོང་ཡུལ་གྱི་ཟངས་བརྡུངས་བརྐོས་དཀྲོལ་ལག་རྩལ་ནི་བོད་ཀྱི་ཆོས་འབྱུང་དང་། རིག་གནས་ལོ་རྒྱུས། མཛེས་རྩལ་ལོ་རྒྱུས་ལ་སོགས་པར་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་རྒྱུ་ཆ་ཞིག་རེད། དེའི་ཕུན་སུམ་ཚོགས་པའི་ནང་དོན་དང་རྩེར་སོན་གྱི་ལག་རྩལ་གྱིས་མི་རིགས་སྲོལ་རྒྱུན་གྱི་དངོས་མིན་རིག་གནས་ཤུལ་བཞག་མ་ཉམས་དར་འཕེལ་དང་བོད་ཀྱི་རིག་གནས་ལོ་རྒྱུས་སྔར་བས་གཏིང་དཔོག་ཐུབ་རྒྱུར་དོན་སྙིང་ཆེན་པོ་ལྡན་ཡོད། གཉིས། རྩེ་གདོང་ཟངས་བརྡུངས་བརྐོས་དཀྲོལ་ལག་རྩལ་གྱི་ལས་རིམ་ཧ་ཅང་རྙོག་འཛིང་ཆེ་ཞིང་། ལས་རིམ་སོ་སོ་ལ་ཡང་རེ་བ་ནན་པོ་ཡོད་པས།   ཟངས་བརྡུངས་བརྐོས་དཀྲོལ་ལག་རྩལ་དེ་རིགས་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་དུས་ཡུན་རིང་པོའི་ནང་གི་བློ་གྲོས་ཀྱི་སྙིང་བཅུད་བསྡུས་པ་ཤིག་ཡིན་སྟབས། དེང་རབས་ཅན་གྱི་ལག་རྩལ་གྱིས་ཚབ་བྱེད་ཐབས་བྲལ་ཞིང་། དེའི་ནང་དུ་དོན་དངོས་ཐོག་ཚན་རིག་ལག་རྩལ་གྲུབ་ཆ་ཕུན་སུམ་ཚོགས་པོ་ཚུད་ཡོད་ལ། རིན་ཐང་བྲལ་བའི་ལོ་རྒྱུས་ཤུལ་བཞག་ཅིག་ཀྱང་ཡིན། གསུམ། ཟངས་བརྡུངས་བརྐོས་དཀྲོལ་ལག་རྩལ་གྱི་ནུས་པ་སྔོག་འདོན་དང་སྲུང་སྐྱོབ་བྱ་རྒྱུ་ནི་ས་ཁུལ་དེ་གའི་ལས་གནས་ཀྱི་གནད་དོན་ཐག་གཅོད་དང་། ཞིང་པའི་ཡོངས་བབ་འཕར་སྣོན། ཁུལ་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་བསྐྲུན་བྱ་རྒྱུ་བཅས་ཚང་མར་ཤུགས་རྐྱེན་ཟབ་མོ་ཐོན་ཡོད། རྣམ་གླིང་ཟངས་བརྡུངས་ལག་རྩལ་གྱི་ཉེན་ཁའི་རང་བཞིན་ངོས་ནས་བཤད་ན། གཅིག རྩེ་གདོང་ཟངས་བརྡུངས་བརྐོས་དཀྲོལ་ལག་རྩལ་གྱི་ལས་རིམ་རྙོག་འཛིང་ཆེ་ལ། བཟོ་རྩལ་གྱི་ལས་ཡུན་རིང་བ། ལྷག་པར་དུ་ཟངས་བཙོ་སྦྱངས་བྱེད་པ་དང་། བཟོ་བ། ཚ་ལ་རྒྱག་པ་སོགས་དཀའ་ངལ་ཧ་ཅང་ཆེ་བས། ན་གཞོན་ཚོ་ལས་དེ་རིགས་བྱེད་འདོད་མེད་པར་བརྟེན་ཤུལ་འཛིན་མི་སྣ་དཀོན་པའི་གནས་སུ་གྱར་ཡོད། གཉིས། རྩེ་གདོང་ཟངས་བརྡུངས་བརྐོས་དཀྲོལ་ལག་རྩལ་གྱི་རྣམ་པ་རྗེས་ལུས་ཡིན་པའི་ཁར་དཔལ་འབྱོར་ནུས་པ་ཞན་པས་སྔོན་ཐོན་ལས་སྣོན་སྒྲིག་ཆས་ནང་འདྲེན་བྱ་མི་ཐུབ་པར་བརྟེན། སྔར་ཡོད་ལག་རྩལ་གྱིས་ལས་ཡུན་རིང་ལ་ཡོངས་བབ་དམའ་བས། དེང་རབས་ཅན་གྱི་ལག་རྩལ་དང་བསྡུར་ན་ཧེ་བག་ཆེ་བ། གསུམ། རྩེ་གདོང་ཟངས་བརྡུངས་བརྐོས་དཀྲོལ་ལག་རྩལ་པ་རྒན་གྲས་མང་དག་ཅིག་ལོ་ན་མཐོ་བ་དང་། ཡི་གེའི་ལམ་དུ་ཕབ་པའི་རིན་ཐང་ཡོད་པའི་རྒྱུ་ཆ་དཀོན་པ། ཐ་ན་འགའ་རེ་གློ་བུར་དུ་ཚེ་ལས་འདས་པ་སོགས་ཀྱིས་རྐྱེན་པས་མི་རིགས་ལག་ཤེས་བཟོ་རྩལ་དེ་རིགས་མྱུར་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་པ་བཅས་སོ། །
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1