གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

གླིང་ཚ་སྙིང་རྒྱལ་འབུམ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་པོ་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༡ཉིན།

༄༅།།ལེགས་བཤད་འཕྲུལ་གྱི་དྲ་བའི་རྩོམ་རིག་གི་རིན་ཐང་མདོར་ཙམ་གླེང་བ།


 གླིང་ཚ་སྙིང་རྒྱལ་འབུམ།
[ནང་དོན་གནད་བསྡུས།]འཇམ་མགོན་ས་སྐྱ་པཎྜི་ཏ་ནི་སྟེང་གི་ཁྲིམས་ཞིག་འོག་གི་ལུགས་རལ་བའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཏུ་འཁྲུངས་པ་དང་། ལྷག་དོན་དུས་སྐབས་དེ་ནི་བོད་ཀྱི་ཡུལ་གྲུ་སོ་སོ་ས་གནས་བཅད་བཟུང་དང་གཅིག་འོག་གཅིག་ལ་མི་འདུ་བའི་ཁ་འཐོར་ཡ་བྲལ་གྱི་གནས་སུ་ལྷུང་ཡོད་སྟབས། བོད་ཀྱི་སྤྱི་ཚོགས་གནས་བབ་དེ་འདྲར་བསམ་ཞིང་། ཁོང་གིས་མཐོ་དཔོན་པོ་ནས་དམའ་འབངས་མིའི་བར་གྱི་སོ་སོའི་གནས་སྟངས་ལ་གཟིགས་ཏེ། དེ་དང་མཐུན་པའི་ལེགས་བཤད་བསྟན་བཅོས་མང་དུ་མཛད་ཡོད། ལེགས་བཤད་འཕྲུལ་གྱི་དྲ་བ་ནི་གཙོ་བོ་དམངས་ཕལ་བར་ཁ་གཏད་པའི་མི་ཆོས་ཀུན་སྤྱོད་ཀྱི་སྐོར་ནས་གདམས་པ་རིན་ཆེན་ནོར་བུ་ལྟ་བུ་ཞིག་ཡིན་པས། འདིར་ཁོང་གི་ལེགས་བཤད་བསྟན་བཅོས་འདིའི་རྩོམ་རིག་གི་རིན་ཐང་སྐོར་ནས་སྤྲོས་བརྗོད་བྱས་ཡོད།
[གནད་ཚིག]ས་སྐྱ་པཎྜི་ཏ།  ལེགས་བཤད་འཕྲུལ་གྱི་དྲ་བ། རྩོམ་རིག་གི་རིན་ཐང་། 
          བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་དུ་བགྲང་བའི་ས་སྐྱ་པཎྜི་ཏ་ནི་རིག་གནས་ཀུན་ལ་མཁྱེན་པ་རྒྱས་པའི་མཁས་པ་ཆེན་པོ་ཞིག་ཡིན་ལ། ཁོང་གིས་བོད་ལ་རིག་གནས་བཅུའི་གྲངས་ངེས་མཛད་དེ་རིག་གནས་སོ་སོར་ཁྱབ་པའི་བསྟན་བཅོས་རེ་བརྩམས་ཤིང་། ལྷག་དོན“འཇིག་རྟེན་མི་ཆོས་ལུགས་སུ་གདམས་པའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་དང་། ཆོས་དང་ཆོས་མིན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་ཉི་མའི་སྙིང་བོ། སྐྱེས་བུ་མཆོག་དམན་འབྲིང་གསུམ་རབ་ཏུ་དབྱེ་བའི་བསྟན་བཅོས་སྐྱེས་བུ་རྣམ་འབྱེད་གཞོན་ནུའི་མགུལ་རྒྱན། དམངས་ཕལ་བར་གདམས་པའི་བསྟན་བཅོས་ལེགས་བཤད་འཕྲུལ་གྱི་དྲ་བ”[1]བཅས་བརྗོད་ཚུལ་མི་འདྲ་བའི་སྒོ་ནས་ལེགས་བཤད་བསྟན་བཅོས་མཛད་དེ། ལེགས་བཤད་ཅེས་པའི་རྩོམ་ལུས་ཡན་གར་བ་ཞིག་བོད་ཀྱི་རྩོམ་སྟེགས་སུ་རྩ་བ་ཚུགས་ཤིང་ལོ་འདབ་རྒྱས་སུ་བཅུག་ཡོད། དེ་ལས་འདིར་དམངས་ཕལ་བར་གདམས་པའི་ལེགས་བཤད་འཕྲུལ་གྱི་དྲ་བ་དཀྱུས་སུ་བཟུང་ཞིང་། ལེགས་བཤད་གང་དེར་ཉམས་ཞིབ་བགྱིས་ནས་ས་པཎ་མཆོག་གི་རྩོམ་རིག་གི་སྤྱིའི་ཁྱད་ཆོས་ལ་སྣོན་མ་བགྱིས་ན་སྙམ་པའི་ཀུན་སློང་གིས་བསྐུལ་ཏེ། དེའི་རྩོམ་རིག་གི་རིན་ཐང་དང་ཕྱིས་འབྱུང་རྩོམ་རིག་ལ་ཤུགས་རྐྱེན་ག་འདྲ་ཐེབས་ཚུལ་སྐོར་ནས་ཅུང་ཟད་གླེང་བར་འདོད་པ་ལ།
          གཅིག  སློབ་གསོའི་གདམས་ངག་གིས་ཕྱུག་པ།
          ཀ ཁྱིམ་ཚང་སྐྱོང་ལུགས།
          ཁྱིམ་ཚང་སློབ་གསོ་ནི་བྱིས་པ་ནར་སོན་པའི་བརྒྱུད་རིམ་ཁྲོད་ཀྱི་སློབ་གསོ་ཁྱད་པར་བ་ཞིག་ཡིན་ལ། སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་གང་གིས་ཀྱང་ཚབ་བྱེད་ཐབས་མེད་པའི་སློབ་གསོ་ཞིག་ཀྱང་ཡིན། ཁྱིམ་ཚང་རེ་རེས་བྱིས་པར་སློབ་གསོ་གཏོང་བའི་བྱེད་ཐབས་དང་སློབ་གསོར་བཟུང་བའི་ལྟ་ཚུལ་མི་འདྲ་བ་ལ་བརྟེན་ནས་དེས་བསྐྱེད་པའི་བྱིས་པའིི་བསམ་བློ་ཀུན་སྤྱོད་ཀྱང་མེ་ཏོག་སྣ་བརྒྱ་བཞད་པ་ལྟ་བུ་དང་། ཁྱིམ་ཚང་སློབ་གསོའི་ཤུགས་རྐྱེན་ལ་བརྟེན་ནས་བྱིས་པ་རྣམས་ལ་མི་ཚེ་གང་བོར་བསྒྱུར་མི་བཏུབ་པའི་རང་གཤིས་ཤིག་ཆགས་ཡོད་པས། བྱིས་པ་ལ་ཇི་ལྟར་ཤ་ཚ་དགོས་པའི་ཕྱོགས་ལ་བསམ་བློ་གཏང་རྒྱུ་ནི་ཕ་མ་ཞིག་གི་འོས་འགན་ཉག་ཅིག་ཏུ་གྱུར་ཡོད། དེ་ལ་ལེགས་བཤད་བསྟན་བཅོས་ལས“བྱམས་དྲགས་པ་བུ་ལ་ཡང་མ་བྱེད། སྲོལ་དུ་མི་ཚུད་པ་ཡིན”་ཞེས་བུ་ཕྲུག་ལ་བྱམས་དྲགས་ན་མིའི་ཚུལ་ལུགས་དང་མཐུན་པའི་ཀུན་སྤྱོད་ཡག་པོ་ཞིག་ཆགས་དཀའ་བས། ཕ་མས་རང་གི་བུ་ཕྲུག་ལ་བྱམས་པ་ཚད་ལས་བརྒལ་ན་དེ་ལས་ལྡོག་པའི་འབྲས་བུ་འབྱུང་ངེས་པའི་ཉེན་བརྡ་བརྒྱབ་ཡོད་ཅིང་། “སྙིང་དུ་བུ་ཚ་སྡུག་ཀྱང་ཉེས་འདུག་ན་རྒོལ་དང་། ཕུགས་སུ་བྱམས་པ་ཡིན”ཞེས་བུ་ཕྲུག་གིས་དོན་དག་གང་ཞིག་བསྒྲུབ་པའི་གོ་རིམ་ཁྲོད་ནོར་འཕྱུག་འབྱུང་ངེས་པ་ནི་ཆོས་ཉིད་ཅིག་ཡིན་ལ། དེར་ནོར་འཕྱུག་བྱུང་ན་ཕུགས་ཀྱི་ལེགས་ཉེས་ལ་བསམ་པ་ལས་མིག་མདུན་གྱི་གནས་སྟངས་ཁོ་ན་ལ་བསམ་བློ་གཏོང་མི་འོས་པའི་གནས་ལུགས་ཀྱང་ཤུགས་ལ་བསྟན་ཡོད་པས། ཕ་མ་སུ་ཞིག་ཡིན་རུང་རང་གི་བུ་ཕྲུག་གིས་བསྒྲུབ་པའི་དོན་བྱ་གང་རུང་ལ་འཕྲལ་ཕུགས་གཉིས་ལས་ཕུགས་ཀྱི་འདུན་མར་བསམ་ནས་ལེགས་ཉེས་ཀྱི་དབྱེ་བ་འབྱེད་རྒྱུ་དེའང་དེང་གི་ཕ་མ་རྣམས་ཀྱིས་ཡིད་ལ་འཇགས་འོས་པའི་གནད་དོན་གལ་ཆེན་ཞིག་དང་ཁྱིམ་ཚང་སློབ་གསོའི་མཁའ་དབུགས་བཟང་བོ་ཞིག་ཆགས་པའི་སློབ་གསོའི་ལྟ་བ་འཁྲུལ་མེད་ཅིག་ཏུའང་འདོད་དགོས་སྙམ་མོ། །
          ཁ  གྲོགས་དང་འགྲོགས་ལུགས།
          བྱ་བ་གང་འདྲ་ཞིག་བསྒྲུབ་ཀྱང་རང་ཉིད་གཅིག་པུ་མ་ཡིན་པར་ཚོགས་སྤྱིའམ་མི་སྒེར་གང་རུང་ཞིག་དང་འབྲེལ་ནས་བསྒྲུབ་དགོས་ཤིང་། གྲོགས་བཟང་བོ་དང་འགྲོགས་ན་དོན་བཟང་ལྷུན་གྱིས་འགྲུབ་ཅིང་། སྡིག་པའི་གྲོགས་དང་བསྟུན་ན་ཆག་སྒོ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས། ངེས་པར་དུ་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་མཐའ་དག་ལ་བལྟས་ནས་དེ་ལ་འགྲོགས་ན་རུང་མིན་དང་། བློ་གཏད་ཆོག་མིན་སོགས་ལ་བརྟག་ནས་འགྲོགས་དགོས་པ་ཡིན། ཚུལ་དེ་ལ་ལེགས་བཤད་བསྟན་བཅོས་ལས“འཕྲད་མ་ཐག་ཏུ་ངོ་ཤེས་མ་བྱེད། དགའ་མ་ཐག་ཏུ་འཛུམ་མ་བསྟན། ཁྲོ་མ་ཐག་ཏུ་བཞིན་མ་བསྡུ། མ་མགུ་བ་ལ་མིག་ལོག་དང་མཆུ་འབུག་མ་བྱེད། དགའ་བ་ལ་ཨ་ནུས་གཅེས་གཅེས་མ་བྱེད”་ཅེས་ངོ་ཤེས་པ་དང་མི་ཤེས་པའི་གྲོགས་པོ་སུ་ཞིག་ལ་འཕྲད་རུང་དགའ་བར་འཛུམ་སྟོན་ཞིང་། མི་དགའ་བར་བཞིན་བསྡུ་བའི་རྣམ་འགྱུར་སྟོན་མི་ཉན་པར་བརྟག་ནས་འཇུག་དགོས་པར་བསྐུལ་བ་དང་། “ཕྱི་ཐག་ཐུང་བའི་མི་དང་འཕྲལ་ཉམས་དགའ་ཡང་མ་འགྲོགས། ཞེ་ནག་པའི་མི་འཕྲལ་ཁ་འཇམ་ཡང་བློ་མ་གཏད། འདྲིས་ཆུང་བའི་མི་ལ་བློ་མ་འགེལ། གལ་ཆུང་བའི་མི་དང་གཏམ་ཁ་སྐྱར་མ་བཤད”ཅེས་ཡིད་ཆེས་ནི་མི་དང་མིའི་བར་གྱི་བརྩེ་སེམས་གཅིག་ཏུ་སྦྲེལ་བའི་རྨུ་ཐག་ལྟ་བུར་གནས་ཀྱང་ཕྱི་ཐག་ཐུང་བ་དང་ཞེ་ནག་པ། འདྲིས་ཆུང་བ། གལ་ཆུང་བའི་མི་ལ་བློ་གཏོད་མི་ཉན་པ་གཙོར་བརྗོད་ཡོད་ཅིང་། བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་པས་ཀྱང“འཕྲད་མ་ཐག་ཏུ་སྙིང་གཏམ་འཆད་པ་མཚང་། །མ་བརྟག་པ་ལ་བློ་གཏད་བྱེད་པ་མཚང་། །བརྟགས་ནས་འཁྲུལ་ན་ད་རུང་བྱེད་པ་མཚང”[2]ཞེས་གསུངས་པ་བཞིན་མི་གང་འདྲ་ཞིག་ལ་འགྲོགས་དགོས་རུང་ཐོག་མར་དེ་ལ་རྒྱུས་ལོན་བྱ་རྒྱུ་གལ་ཆེ་བ་དང་། མི་དེའི་གཤིས་ཀ་ཇི་འདྲ་ཞིག་ཡིན་པ་སོགས་ལ་བརྟག་ནས་འགྲོགས་དགོས་པ་ལས་འཕྲད་མ་ཐག་ཏུ་སྙིང་གཏམ་བཤད་མི་ཉན་ཞིང་། བློ་གཏོད་མི་ཉན་པའི་ཚུལ་ལེགས་པར་གདམས་ཡོད།
          ག  གྲོས་དབང་འཛིན་ལུགས།
          དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས“བྱེ་བྲག་ཕྱེད་པའི་བློ་ལྡན་ཡང་། །བྱ་བ་གྲོས་ཀྱིས་བསྒྲུབ་པར་བྱ། །འགྲུབ་འགྱུར་ཁོ་ནར་མ་ཟད་ཀྱི། །མ་འགྲུབ་ན་ཡང་མཛེས་པ་ཡིན”[3]ཞེས་གསུངས་པ་བཞིན་དོན་བྱ་གང་ཞིག་བསྒྲུབ་པར་རང་ལ་བློ་གྲོས་ཇི་འདྲ་ལྡན་ཡང་གཙོ་བོ་གྲོས་ལ་བརྟེན་དགོས་པ་དང་། གྲོས་ཀྱིས་ཐག་བཅད་པའི་དོན་དག་གང་ཞིག་གྲུབ་ཀྱང་རུང་ལ་མ་གྲུབ་ཀྱང་ཆོག་སྟེ། གཙོ་བོ་དོན་བྱ་དེའི་གྲོས་འབྲས་དང་འཕར་འབུབ་ཆེ་ཆུང་ལ་བསམ་ནས་འཇུག་དགོས་པ་ཡིན། དེ་ལ་ལེགས་བཤད་བསྟན་བཅོས་ལས“གྲོས་ཐམས་ཅད་ལ་ནམ་ཕུགས་འབྲས་བུ་ཆེ་ཆུང་སོམས། འཕྲལ་གྱི་ཁེ་ཆེ་ཆུང་བརྩི། བསྒྲུབ་ན་འགྲུབ་མི་འགྲུབ་བརྩི་བ་སྟེ་བརྟག་པ་གལ་ཆེའོ། སྔར་གྱི་གྲོས་ཀྱི་ལེགས་ཉེས་ད་ལྟ་སོམས། མ་འོངས་པའི་གྲོས་ཀྱི་འབྲས་བུ་ད་ལྟ་སོམས”ཞེས་དོན་བྱ་དེའི་གྲོས་བསྡུར་ལ་ནམ་ཕུགས་ཀྱི་འབྲས་བུའི་མཆོག་དམན་དང་དགེ་མཚན་ཆེ་ཆུང་། འཕྲལ་གྱི་ཁེ་ཕན་གང་ཆེ་གང་ཆུང་སོགས་གྲོས་ལ་བརྟག་ནས་འཇུག་དགོས་ཤིང་། དེར་མ་ཟད་སྔར་གྱི་གྲོས་ཀྱི་འབྲས་བུའི་ལེགས་ཉེས་སོགས་བསླབ་བྱར་བཟུང་ནས་མ་འོངས་པའི་གྲོས་འབྲས་ལ་ཚོད་དཔག་དང་བསམ་བློ་གཏོང་དགོས་པར་སྐུལ་མ་གནང་ཡོད། “གྲོས་ལ་མི་དབང་བའི་མི་གྲོས་སར་མ་འབོད། གྲོས་སྟབས་ལ་མི་ཕེབས་པ་ཡིན། གྲོས་ལ་མི་དགའ་བའི་མི་མ་བཀུག། གྲོས་ཀྱི་དཀྲུགས་ཤིང་བྱེད་པ་ཡིན”ཞེས་བློ་གྲོས་ཀྱི་འཇུག་པ་དམན་པའི་མི་དང་གྲོས་ལ་མི་དགའ་བའི་མི་གྲོས་ཁ་བསྡུར་ཡུལ་ལ་མི་འབོད་པ་དང་། བརྒྱ་ལ་བོས་ཀྱང་གྲོས་ཀྱི་བགྲོ་ལུགས་དང་གྲོས་འབྲས་སོགས་ལེགས་ལམ་དུ་མི་འགྲོ་བ་མ་ཟད། ཁྱད་པར་དུ་གྲོས་ཀྱི་དཀྲུགས་ཤིང་སྟེ་གྲོས་བྱེད་པའི་བར་ཆད་དུ་འགྲོ་ཉེན་ཆེ་བ་སོགས་ལ་བརྟག་ནས་གྲོས་མི་བསྐོང་ཚོགས་བྱ་དགོས་པར་གདམས་པ་དང་། “རྒན་རིམ་ལ་བློ་དྲིས་ན་མི་འགྱོད་པ་ཡིན། ཤ་ཚ་བ་ལ་གྲོས་བསྡུར་དུ་བཏུབ་པ་ཡིན། ཉམས་ཅན་ལ་གྲོས་དྲི་ན་མཐའ་ཆོད་པ་ཡིན”ཞེས་གྲོས་བྱེད་དུས་སྤྱི་ཚོགས་འཚོ་བའི་འགྲོ་སྟངས་ལ་ཉམས་མྱོང་ལྡན་པའི་རྒན་རིམ་རྣམས་ལ་གྲོས་ཀྱི་བློ་དྲིས་ན་རྗེས་སོར་གྲོས་ཀྱི་འབྲས་བུ་ག་འདྲ་ཡིན་ཡང་འགྱོད་སེམས་བྲལ་བ་སོགས་གྲོས་ཀྱི་མགོ་མཇུག་བར་གསུམ་དུ་ངེས་པར་བསྒྲུབ་འོས་པ་དང་མི་འོས་པའི་གནད་དག་ཁོལ་དུ་ཕྱུང་ནས་གྲོས་ཀྱི་ཚོགས་མི་དང་། གྲོས་ཀྱི་བགྲོ་བྱ་སོགས་དུས་དང་བསྟུན་ནས་བསྒྲུབ་ན་གྲོས་འབྲས་ཞར་ལ་འགྲུབ་ངེས་པའི་རྒྱུ་འབྲས་ཀྱི་ཆོས་ཉིད་ཅིག་གསལ་བཤད་བྱས་ཡོད་སྙམ།
          གཉིས། མི་ཆོས་ཀྱི་ལྟ་བས་བརྒྱན་པ།
          མི་ཆོས་རིག་གནས་ནི་མིའི་ཀུན་སྤྱོད་ལ་ཞིབ་འཇུག་བྱེད་པའི་རིག་ཚན་གལ་ཆེན་ཞིག་ཡིན་ལ། ཏུན་ཧོང་ནས་ཐོན་པའི་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་དང་སུམ་པའི་མ་ཤགས་ཆེན་མོ་རྣམས་སུ་རང་རེའི་བོད་ཀྱི་གདོད་མའི་མི་ཆོས་ལྟ་བ་དང་འབྲེལ་བའི་དགྲ་གཉེན་དང་། བཟང་ངན། ལེགས་ཉེས་སོགས་ཚད་གཞི་འཛིན་བྱེད་ཀྱི་མི་ཆོས་རིག་གནས་ཕུན་སུམ་ཚོགས་པ་ཞིག་མངོན་ཡོད་ཅིང་། དེར་མ་ཟད་དུས་སྐབས་དེའི་མིའི་ཀུན་སྤྱོད་ཡར་རྒྱས་སུ་འགྲོ་བར་ཡང་ཕན་པ་བླ་ལྷག་ཐོན་ཡོད། ལེགས་བཤད་བསྟན་བཅོས་འདི་ལས་གཙོ་ཆེར་དམངས་ཕལ་བར་ཁ་གཏད་དེ་མི་ཆོས་རིག་གནས་ཀྱི་སློབ་གསོ་གང་མང་གནང་ཞིང་།“མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པར་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེག་ན་ཐར་བ་གམ་ན་འདུག”[4]་ཅེས་དང་ལོ་ཆེན་བེ་རོ་ཙཱ་ནས“ལྷ་ཆོས་ཐར་བ་བསྒྲུབ་པར་མ་ནུས་ཀྱང་། །མི་ཆོས་དྲང་པོ་ལུགས་བཞིན་སྤྱད་པ་ན། །མཐོ་རིས་ཐར་བ་ཐོར་པར་ཐེ་ཚོམ་མེད། །མཐོ་རིས་ཐོབ་ན་ཐར་ལམ་སྐས་ཁ་ཡིན”[5]ཞེས་མི་ཆོས་ལེགས་པར་བསྒྲུབ་པ་ནི་ཐར་བའི་སྒྲུབ་བྱེད་དུའང་འགྲོ་བར་གསུངས་པ་བཞིན་མི་ཆོས་ཀུན་སྤྱོད་ཀྱི་ཐད་ལ་ཕྱོགས་སྟོན་འཁོར་ལོ་ལྟ་བུར་གྱུར་ཡོད།
          ༡ སྐད་ཆ་སྨྲ་མཁས་པ།
          སྤྱི་ཚོགས་ནི་མ་གཞི་ནས་རྙོག་འཛིང་རང་བཞིན་གྱི་ཚོགས་སྤྱི་ཞིག་ཡིན་ཞིང་། སྤྱི་ཚོགས་ཀྱི་ཁོར་ཡུག་མི་འདྲ་བ་ལ་བརྟེན་ནས་མིའི་བསམ་བློ་ཀུན་སྤྱོད་ལའང་མི་འདྲ་བའི་ཁྱད་པར་ཡོད་སྲིད་པ་ནི་ཆོས་ཉིད་ཅིག་ཡིན་ལ། ཁོར་ཡུག་དེ་འདྲའི་ཁྲོད་དུ་འབྲེལ་འདྲིས་བྱེད་པའི་ཡོ་བྱད་གཙོ་བོ་སྐད་ཆ་ཁོ་ནར་ཐུག་ཡོད་སྟབས། ཕུ་ནུའི་མདོ་ལས། “ལེགས་པར་སྨྲས་ན། ཁ་ནི་དཔལ་གྱི་སྒོ་མོའོ། །ལྕེ་ནི་འཕྲུལ་གྱི་ལྡེ་མིག་ཅེས་བྱའོ། །ཉེས་པར་སྨྲས་ན། ཁ་ནི་བྱུར་གྱི་སྒོ་མོ། ལྕེ་ནི་བདུད་ཀྱི་སྟ་རེ”[6]ཞེས་པ་བཞིན། ལེགས་ཉེས་ཐམས་ཅད་ཀྱི་འབྱུང་ཁུངས་ནི་ཁ་ཡིན་པ་དང་། དེ་ལས་བྱུང་བའི་སྐད་ཆས་མིའི་སེམས་ལའང་དཀར་ནག་གི་བག་ཆགས་གང་མང་ཞིག་རང་ཤུགས་ཀྱིས་འཇོག་པས་ན། “གཏམ་ལ་མཚོན་ཆ་མེད་ནའང་། །མི་སྙིང་དུམ་བུར་གཏོང”[7]་ཞེས་པ་ལྟར་ང་ཚོ་ཁོར་ཡུག་དང་མཐུན་པའི་སྐད་ཆ་བཤད་པར་མཁས་དགོས་པ་ནི་སྤྱི་ཚོགས་ཀྱི་དགོས་མཁོ་ཞིག་ཀྱང་ཅི་ལ་མིན། ལེགས་བཤད་བསྟན་བཅོས་ལས་ཀྱང“གོ་ཆོད་པོ་ལ་བསྟོད་ར་མ་སྔ། རེ་བ་སྐྱེ་བ་ཡིན། གོ་མི་ཆོད་པ་ལ་སྨད་ར་མ་ཆེ། ཡི་མུག་སྐྱེ་བ་ཡིན”ཞེས་དང་། “ངན་པ་ལ་ཁ་མ་སྔ། ཕྱིས་ཅི་འོང་མི་ཤེས། བཟང་ལ་ངོ་བསྟོད་མ་ཆེ། ད་གཟོད་ཅི་འགྱུར་མི་ཤེས། མ་བསམ་པའི་ཞལ་ལྕེ་མ་བཏང་། གང་གི་ཐོག་ཏུ་ཅི་བབས་མི་ཤེས། མ་གྲུབ་པར་ཁ་པོ་མ་འདོན། ཕྱིས་ཅིར་འགྱུར་མི་ཤེས”ཞེས་དོན་དག་གང་འདྲ་ཞིག་ལ་འཕྲད་ཀྱང་མི་མང་པོའི་གྲས་སུ་ཁ་སྔ་མི་ཉན་པ་དང་། རང་ཉིད་ལ་ཕན་བཏགས་ཡོད་མེད་ཀྱི་མི་སུ་ཞིག་ཡིན་རུང་གང་བྱུང་དུ་བསྟོད་པ་དང་སྨད་ར་མི་བྱེད་པ། དོན་བྱ་མ་འགྲུབ་པ་ལ་ཁ་ཕོ་མི་འདོན་པར་གཙོ་བོ་ཕྱིས་ལ་བསམ་བློ་གཏོང་དགོས་པའི་གནས་ལུགས་བསྟན་པ་ལྟ་བུ་དང་། “གཏམ་མགོ་འཛུམ་གྱིས་སུས། གཏམ་གཞུག་འཛུམ་ལ་ཞོགས། དགོས་དོན་ཕོག་པར་སྨྲས། རན་ལ་མཛེས་པ་ཤོད་ཨང་།”་ཞེས་སྐད་ཆ་ཇི་འདྲ་ཞིག་བཤད་ཀྱང་མགོ་མཇུག་ཀུན་ཏུ་འཛུམ་གྱིས་བསྐྱལ་ཞིང་། བརྗོད་དོན་གཙོ་བོ་འཁྲུལ་པ་མེད་པ། གནད་དུ་འཁེལ་ལ་ཉག་ཉོག་མེད་པར་སྐད་ཆ་ངོས་གཙང་བ་ཞིག་བརྗོད་དགོས་ཚུལ་བསྟན་པ་དང་། “ཚོད་མིད་པོ་ལ་གྲོས་མ་དྲི། ཁ་མང་པོ་ལ་སྙིང་གཏམ་མ་བྱེད། རྣོ་ཐུང་བ་ལ་ཀུ་རེ་མ་བྱེད། མི་ཐུབ་པ་ལ་དོ་མ་བསྔོ། མི་བདེན་པ་ལ་ཤགས་མ་འདེབས། མི་འགྲུབ་པ་ཁས་མ་ལེན”ཞེས་དང་།“མང་པོ་མ་སྨྲ། སྨྲ་ཚོད་སོམས་ལ་སྨྲོས། དྲིས་ཚད་ཁས་མ་ལེན། བླང་ཚད་དོན་ཐོག་ཏུ་ཁོལ”་ཞེས་མི་མང་པོའི་དབུས་སུ་སྐད་ཆ་མང་དུ་མི་བཤད་པ་དང་།བཤད་ཚད་བསམ་བློ་བཏང་ནས་བཤད་པ། རང་ལ་བཅོལ་བའི་དོན་དག་རང་དགར་ཁས་མི་ལེན་པ་དང་། ཁས་བླངས་ཚད་ངེས་པར་ལག་ལེན་དུའང་འཁྱོལ་དགོས་ཚུལ་སོགས་བསྟན་ཏེ། སྤྱིར་སྐད་ཆ་བཤད་དུས“རན་པར་བཤད་པ། སྙན་པར་བཤད་པ། མཛེས་པར་བཤད་པ། འཇམ་པར་བཤད་པ། བསམས་ནས་བཤད་པ། བརྟག་ནས་བཤད་པ། གནད་ཕིགས་པར་བཤད་པ”[8]སོགས་དོན་བྱ་གང་ལ་འཕྲད་ཀྱང་དུས་དང་བསྟུན་ནས་སྐད་ཆ་བཤད་དགོས་ཚུལ་གལ་བོ་ཆེ་ལ་ནན་ཏན་གྱིས་བསྟན་མཐར“སྨྲ་བ་ཉུང་བ་ལྐུགས་པར་མ་ཤོར་བ”་ཞེས་སྤྱི་བསྡོམས་གནང་བ་འདིའང་རྙོག་འཛིང་ཆེ་བའི་དེང་གི་སྤྱི་ཚོགས་སུ་དགོས་ངེས་རང་བཞིན་གྱི་གདམས་པ་ཉག་ཅིག་ཏུ་འཁུམས་སོ། །
          ༢ སྤྱོད་པ་བསྟུན་ཤེས་པ།
          མི་ནི་ཁོར་ཡུག་གང་འདྲ་ཞིག་ནས་འཚོ་ཡང་ཡུལ་དང་བསྟུན་པ་དང་། དུས་དང་བསྟུན་པ། མི་དང་བསྟུན་དགོས་ཚུལ་ནི་འབྲོམ་སྟོན་པའི་མི་ཆོས་གནད་ཀྱི་ཕྲེང་བར“གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང་། །གཞི་དང་གནས་མལ་གང་དུ་བྱེད་ཀྱང་རུང་། །གྲོགས་དང་འགྲོགས་ལུགས་སུ་ལ་འཚོལ་ཡང་རུང་། །གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན”[9]ཞེས་གསུངས་པ་ལྟར་བྱ་བ་ག་འདྲ་ཞིག་བསྒྲུབ་ཀྱང་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་མཐའ་དག་རང་ཉིད་འདུས་པའི་ཁོར་ཡུག་དེ་དང་བསྟུན་པ་ནི་མི་ཆོས་ཀུན་གྱི་རྩ་བ་ཡིན་ཞིང་། ལེགས་བཤད་བསྟན་བཅོས་ལས་ཀྱང“ཁ་ཉུང་ལ་ལག་གཙང་བར་གྱིས་དང་ཐམས་ཅད་རང་ལ་བྱམས་པ་ཡིན། མ་གཞི་ཡག་ལ་རང་འདོད་ཉུང་ངུ་གྱིས་དང་ཀུན་དང་མཐུན་པར་འོང”ཞེས་དང་། “དཔོན་བཅོལ་དུས་སུ་རང་འདོད་བསྐྱུང་དགོས་པ་ཡིན། སྤྱིའི་ཆིས་གྱིས། དབང་བསྐུར་དུས་སུ་ཕམ་ལེན་དགོས་པ་ཡིན། སེམས་ཚོད་ཟུངས། སྐྱིད་པའི་དུས་སུ་མི་དང་བསྟུན་ཤེས་དགོས་པ་ཡིན། ཀུན་གྱི་སེམས་ཟུངས”ཞེས།
          ག བྱ་བར་ཚོད་ཟིན་པ།
          ལས་གང་འདྲ་ཞིག་བསྒྲུབ་ཀྱང་ཚོད་ཟིན་པའི་སྒོ་ནས་བསྒྲུབ་རྒྱུ་ནི་མི་ཆོས་ལུགས་ཀྱི་བླང་བྱ་གལ་ཆེན་ཞིག་ཡིན་ཞིང་། དྲག་པོ་དྲག་ཁྱེར་མ་མཁས་ན་ཞན་པར་འགྲོ་བ་ཡིན། གྲུང་བོ་གྲུང་ཁྱེར་མ་མཁས་ན་གླེན་པར་འགྲོ་བ་ཡིན། ཡོད་པ་ཡོད་ཁྱེར་མ་མཁས་ན་ཕོངས་པར་འགྲོ་བ་ཡིན། མཛའ་བ་མཛའ་ཁྱེར་མ་མཁས་ན་འཁོན་དུ་འགྲོ་བ་ཡིན། ཆེན་པོ་ཆེན་ཁྱེར་མ་མཁས་ན་དམའ་བར་འགྲོ་བ་ཡིན། མཁས་པ་མཁས་ཁྱེར་མ་མཁས་ན་བླུན་པར་འགྲོ་བ་ཡིན། བཙུན་མོ་བཙུན་ཁྱེར་མ་མཁས་ན་འཆལ་པར་འགྲོ་བ་ཡིན”ཞེས་མདོ་རྒྱུད་རིག་གནས་དང་བཅས་པ་ལ་ཐོགས་རྡུགས་མེད་པར་མཁས་པའི་མཁས་པ་རྣམས་ཀྱང་མཁས་ཁྱེར་མ་མཁས་པ་སྟེ་མཁས་པའི་ཚུལ་དགུ་ལ་མཁས་པར་ཡོན་ཏན་ཡོད་ཀྱང་ཐབས་ལ་མ་མཁས་ན་རྨོངས་པའི་གཞན་དབང་དུ་མི་འགྱུར་བའི་ངེས་པའང་མེད་པས།ང་རྒྱལ་བསྐྱུར་ནས་ཁེངས་པ་བསྐྱུང་དགོས་པ་དང་།མཁས་བླུན་གཉིས་ཀྱི་ཚད་ཐིག་དེའང་མཐར་གཏུགས་ན་ཉིན་སྲིབ་ཀྱི་བར་མཚམས་བཞིན་ཉིན་ལས་བརྒལ་ཚེ་སྲིབ་དང་སྲིབ་ལས་བརྒལ་ན་ཉིན་ཡིན་པའི་ཚད་གཞི་ཞིག་བསྟན་ཡོད།
          གསུམ། དམངས་ཕལ་བའི་སྐད་བརྡས་མཚོན་པ།
          ལེགས་བཤད་བསྟན་བཅོས་འདི་ནི་མཛད་པ་པོས་དཀར་ཕྱོགས་ལས་ནག་ཕྱོགས་དར་བ་དང་། བཟང་བོ་ལས་ངན་པ་བྲིན་པ། མཁས་པ་ལས་བླུན་པོ་རྩིས་ཆེ་བ་སོགས་སྟེང་གི་ཁྲིམས་ཞིག འོག་གི་ལུགས་རལ་བའི་སྐབས་དེའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཡ་ང་བའི་འོག་ཏུ་མཛད་ཅིང་། ཁྱད་པར་དུ་བསྟན་བཅོས་མཛད་པ་པོ་ཉིད་དབང་བསྒྱུར་གྲལ་རིམ་གྱི་མཐོ་རིམ་མི་སྣ་དང་ཆོས་ལུགས་གྲུབ་མཐའི་བདག་པོ་ཡིན་ལ། མཛད་པའི་བསྟན་བཅོས་ཀྱི་དམིགས་འཛུགས་སའང་བོད་སྤྱི་ཚོགས་ཧྲིལ་བོ་སྟེ་གོང་དཔོན་པོ་ནས་དམའ་འབངས་མིའི་བར་ཡིན་སྟབས། དམ་པ་ཁོང་གིས་མཛད་པའི་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་དང་སྐྱེས་བུ་རྣམ་འབྱེད་གཞོན་ནུའི་མགུལ་རྒྱན། ལེགས་བཤད་ཉི་མའི་སྙིང་བོ་སོགས་བསྟན་བཅོས་གཞན་དང་མི་འདྲ་བར་བརྗོད་དོན་དམངས་ཕལ་བར་ཁ་ཕྱོགས་པ་དང་། མངོན་བརྗོད་དང་ཚིག་རྒྱན་གྱི་སྤྲོས་པ་དོར་ཏེ་གོ་སླའི་ངག་གིས་དམངས་ཕལ་བའི་སྐད་བརྡ་གཞིར་བཟུང་ནས་བརྩམས་གནང་མཛད་ཡོད་པས། བསྟན་བཅོས་འདིའི་རྗོད་བྱེད་ཚིག་ལ་དུས་སྐབས་དེའི་སྐད་བརྡ་དཔྱོད་བྱེད་ཀྱི་རིན་ཐང་ཆེན་པོ་ལྡན་པར་སྙམ།
          བསྟན་བཅོས་ལས“མི་ཞིམ་པའི་ཟས་ལ་སྣ་མ་བསྙེར། ཞིམ་པ་ལ་ཧུབ་མ་ཆེ། ཕྱུག་པོ་སྤྱོད་ཤེས་པ་གྱིས། མི་ལྟོགས་པ་ཙམ་དུ་བསྲི་ཤེས་པ་གྱིས། འཛོམ་ན་སྐྱིད་ཁྱགས་པ་གྱིས། ཕོངས་ན་སྡུག་ཁྱགས་པ་གྱིས”ཞེས་དང་། “མི་ཐུབ་པ་ལ་དོ་མ་བསྔོ། མི་བདེན་པ་ལ་ཤགས་མ་འདེབས། མི་འགྲུབ་པ་ལ་ཁས་མ་ལེན། མི་ལྕོགས་པའི་ལས་མ་འཇུག མི་ཉན་པ་ལ་གྲོས་མ་འདེབས། མི་འོང་བ་ལ་ལས་མ་བཅོལ”སོགས་བོད་མི་མཐོ་དམན་བར་གསུམ་སུས་བལྟས་ཀྱང་ཁ་གསལ་ལ་གོ་སླ་བ། ཚིག་རེ་རེས་དོན་རེ་གསལ་བར་བསྟན་ཡོད་པས་འཛིན་བདེ་བ་དང་། ཡིད་དུ་འཐད་ཅིང་སྙན་ཆ་ལྡན་པའི་ཚིག་སྦྱོར་སྤེལ་ཡོད། གཞན་ཡང“ངོ་བསྟོད་ཀྱི་གཉེན་མི་བསྐྱངས་བས། བྱམས་པ་དེ་སེམས་ལ་ཞོགས། སྡང་གདུག་དྲག་ཀྱང་དགྲ་མི་ལྡོག འདུན་མ་སྟབས་ཀྱིས་ཆོད། སེར་སྣ་ཆེ་ཡང་ནོར་མི་སོགས། ཕྱི་རླབས་དང་བློ་རྒྱ་བསྐྱེད་ལ་ཚོལ། གཏམ་མགོ་འཛུམ་གྱིས་སུས། གཏམ་གཞུག་འཛུམ་ལ་ཞོགས། དགོས་དོན་ཕོག་པར་སྨྲོས།རན་ལ་མཛེས་པ་བཤོད་ཨང” ཞེས་ཚིག་རྐང་ཧྲིལ་བོ་རེ་རེའི་མཐར་སྐུལ་ཚིག་སྦྱར་བ་དང་། དམངས་ཕལ་བ་ཡིག་ངོ་མི་ཆོད་པའི་མི་སུས་ཉན་ནའང་བབ་ཆགས་པ་དང་རྣ་བར་སྙན་པའི་ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པས། འཇིག་རྟེན་མི་ཆོས་ལ་རྒྱུས་ཟབ་ཅིང་སྨྲ་ལ་མཁས་པའི་རྒན་པོ་ཞིག་གིས་ཁ་ཏ་སློབ་གསོ་གཏོང་བའི་ཚོར་སྣང་ཞིག་ཅིག་ཅར་དུ་སྐྱེས་པར་བྱེད་ཅིང་། བརྗོད་འདོད་ཀྱི་སྐད་ཆ་ལ་བཀག་རྒྱ་མེད་པར་བཀླགས་ན་རང་ཤུགས་ཀྱིས་ངག་ལ་བདེ་ཞིང་བསམ་ན་ཡིད་ལ་འབབ་པས་ཁ་སྐད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཚིག་སྦྱོར་རྨད་དུ་བྱུང་བ་ཞིག་གོ །
          བཞི། ལྷུག་པའི་ལུས་ལ་བཅད་མའི་ཉམས་ལྡན་པ།
          ལེགས་བཤད་འཕྲུལ་གྱི་དྲ་བ་ནི་ས་པཎ་གྱིས་མཛད་པའི་ལེགས་བཤད་གཞན་དག་ལས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་བསྟན་བཅོས་ཤིག་སྟེ།  བསྟན་བཅོས་སྤྱིའི་ཆ་ནས་མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བ། བསྔོ་སྨོན་བཅས་མགོ་མཇུག་གཉིས་ལས་ཚིགས་བཅད་མེད་ཅིང་། བསྟན་བཅོས་དངོས་ནི་ལུས་ཚིག་ལྷུག་ལ་གཏོགས་ཀྱང་ཚིག་རྐང་གཉིས་རེ་ཚིག་མཚམས་མཉམ་པས་བཀླག་སྤྲོ་བའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་བསྐྱེད་འོངས། དཔེར་ན་ལེགས་བཤད་བསྟན་བཅོས་ལས“གནའ་དུས་བཟང་བོ་ནུབ།ད་དུས་ངན་པ་ཤར། གནའ་མི་མཁས་པ་འདས། ད་མི་བླུན་པོ་སྐྱེས། ལྷ་ཆོས་དར་གྱི་མདུད་པ་གྲོལ། མི་ཆོས་སོག་མའི་ཕོན་ཐག་ཆད། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག གཙོ་བོ་གྲོས་ཀྱི་རྒྱ་མཚོ་སྐམས། དཔའ་བོ་སྟག་གི་རི་མོ་ཡལ། མོ་བཙུན་ངོ་ཚའི་གཡང་ལུག་བུད”ཅེས་སྔ་མའི་ཚིག་རྐང་བཞི་ཚེག་ཁྱིམ་ལྔ་དང་ལྡན་ཞིང་། ཕྱི་མའི་ཚིག་རྐང་དྲུག་ནི་ཚེག་ཁྱིམ་བདུན་གྱིས་གྲུབ་པ་དོ་མཉམ་པ་དང་། “མཁས་པ་རིས་སུ་མ་བོར། སྤྱི་མི་དགྲ་རུ་མ་ལེན། འདོད་པ་ཅན་ལ་ནོར་མ་བསྟན། ངན་སེམས་ཅན་ལ་བློ་མ་གཏད། ཚོད་མིད་པོ་ལ་གྲོས་མ་དྲི། ཁ་མང་པོ་ལ་སྙིང་གཏམ་མ་བཤད། རྣོ་ཐུང་བ་ལ་ཀུ་རེ་མ་བྱེད”ཅེས་ཚེག་ཁྱིམ་དྲུག་ཅན་དང་། བདུན་ཅན། བརྒྱད་ཅན་གྱི་ཚིག་རྐང་ལྷུ་འགྲིག་པ་བཅས་ཚིག་རེ་རེས་དོན་རེ་རེ་ཧྲིལ་གྱིས་བསྟན་ཡོད་རྐྱེན། དེས་ཕྱིས་འབྱུང་རྩོམ་རིག་ལ་རྗོད་བྱེད་ཚིག་གི་ཆ་ནས་དཔེ་སྟོན་མཛད་ཡོད་དེ། དཔེར་ན། རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་བོ་མཆོག་གི《གཞོན་ནུ་བློ་ལྡན་གྱི་དྲིས་ལན་ལེགས་བཤད་བློ་གྲོས་སྙིང་བོ》ལས། “བཤད་ཚད་བདེན་དུ་མ་འཛིན། གནོད་ཚད་དགྲ་རུ་མ་ལྟ། མཐུན་ཀྱང་སྙིང་གཏམ་མ་བཤད། འཁོན་ཀྱང་སྐྱོན་མཚང་མ་འབྲུ”[10]ཞེས་ཚིག་རྐང་བཞི་བོ་ཚེག་ཁྱིམ་དྲུག་ཅན་དང་། “རྒྱུས་མེད་མི་ལ་བློ་མ་གཏོད། མང་པོའི་ནང་དུ་ཚིག་མ་མང་། གཅིག་པུར་འདུག་དུས་ལག་མ་མང”[11]ཞེས་ཚིག་རྐང་གསུམ་པོ་ཚེག་ཁྱིམ་བདུན་ཅན་གྱིས་གྲུབ་པས་བལྟས་པ་ཙམ་གྱིས་ཚིག་གི་རྐང་བར་བཀག་རྒྱ་ཡོད་པའི་ཚིགས་བཅད་ལྟ་བུར་སྣང་ཡང་དོན་ལ་ལྷུག་པའི་མཚམས་སུ་བཅད་མའི་ཉམས་དང་ལྡན་པས་བཀླག་ན་ངག་ལ་བདེ་བ་ལེགས་བཤད་འཕྲུལ་གྱི་དྲ་བ་དང་ཤིན་ཏུ་འདྲ་ཞིང་།  ཡང《འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར》ལས། “བསོད་ནམས་ཆུང་ལ་དྲན་རྒྱ་ཆེ་བའི་མི་དང་གྲོས་མ་བྱེད།ལྟ་བ་མཐོ་ལ་སྤྱོད་པ་རྩིང་བའི་མི་དང་འབྲེལ་བ་སྐྱུངས”[12]ཞེས་ཚིག་རྐང་གཉིས་རེ་དོ་མཉམ་པ་དང་། བཀླག་བདེ་ཞིང་ཡིད་ལ་འབབ་པ། དགག་པ་དངོས་སུ་བསྟན་ཞིང་བསྒྲུབ་པ་ཤུགས་ལ་གོ་བའི་རྗོད་བྱེད་ཚིག་གི་ཁྱད་ཆོས་འདི་དག་ཀྱང་ལེགས་བཤད་འཕྲུལ་གྱི་དྲ་བའི་ཤུགས་རྐྱེན་འོག་ཐོན་པར་སྲིད།
          ལྔ། དོན་བསྡུས་ཏེ་སྙིང་བོ་ཧྲིལ་གྱིས་བསྟན་པ།
          སྤྱིར་བསྟན་བཅོས་འདིར་ཚིག་དོན་གྱི་གོ་རིམ་ཐར་ཆགས་སུ་མ་བཀོད་པར་འཁྲུག་ཆ་དོད་པོ་ཞིག་མ་ཡིན་ཏེ། རས་ཆོད་ཆེན་པོ་གཉེན་ལ་ཡང་མ་བྱེད་དང་གུས་པ་ཆེན་པོ་གཉེན་ལ་ཡང་མ་བྱེད་ཅེས་པ་ལྟ་བུས་མཚོན་གནད་དོན་མང་བོ་ཞིག་ལ་ལད་ཟློས་ཀྱི་རྣམ་པ་ཤིན་ཏུ་མང་མོད། བསྟན་བཅོས་སྤྱིའི་ངོས་ནས་བསམ་ན་གཞུང་དངོས་སུ་དོན་རེ་རེ་བར་བཀོད་པ་དེ་བསྐྱར་ཟློས་ཙམ་དུ་མ་སོང་བར་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བརྩམས་ཤིང་། དེར་མ་ཟད་བསྟན་བཅོས་ཀྱི་མཇུག་ཏུ“ཁ་ཉུང་བ་དང་གཅིག ཁོག་ཡངས་པ་དང་གཉིས། གཏམ་དྲང་བ་དང་གསུམ། མནོ་བསམ་གཏོང་བ་དང་བཞི། ཉེ་རིང་མི་བྱེད་པ་དང་ལྔ། རང་འདོད་ཆུང་བ་དང་དྲུག”ཅེས་གཙོ་བོ་ལ་གལ་ཆེ་བ་དྲུག་དང་། “གཏོང་ཕོད་ཆེ་བ་དང་གཅིག གདོང་དྲག་པ་དང་གཉིས། བློ་བརྟན་པ་དང་གསུམ། འགྲན་ཐུབ་པ་དང་བཞི། སྟོབས་ཆེ་བ་དང་ལྔ། ཚོད་ཟིན་པ་དང་དྲུག”ཅེས་སྟག་ཤར་ལ་གལ་ཆེ་བ་དྲུག “ཆོ་རིགས་བཙུན་པ་དང་གཅིག ཁྲེལ་འཛེམ་ཆེ་བ་དང་གཉིས། ནོར་བསོགས་ཤེས་པ་དང་གསུམ། འཁོར་བསྐྱང་ཤེས་པ་དང་བཞི། ལུས་ཐུབ་པ་དང་ལྔ། གྲོགས་ལྷར་མཐོང་བ་དང་དྲུག”ཅེས་གྲངས་རྒྱན་དང་ཆ་འདྲ་བའི་ལམ་ནས་བསྟན་བཅོས་ཀྱི་མཇུག་བསྡུས་ཡོད་པས། བསྟན་བཅོས་ཀྱི་བརྗོད་བྱ་སྤྱི་དེ་ང་ཚོའི་སེམས་ལ་གཟུགས་བརྙན་བཞིན་བསྟན་འོངས་ཤིང་། ཚིག་རེ་རེས་དོན་རེ་བསྟན་པ་དག་མདོར་བསྡུས་ན་བསླབ་བྱ་གནང་ཡུལ་དུ་གྱུར་བའི་བོད་ཀྱི་བླ་དཔོན། འབངས་ཕལ་བ་སོགས་གང་དང་གང་ཡིན་ཡང་མོ་བཙུན་དང་སྟག་ཤར་ལ་གལ་ཆེ་བ་ཞེས་སྤྱི་བསྡོམས་གནང་པ་ལས་འདའ་རུ་མེད་ཅིང་། མཇུག་བསྡུ་སྟངས་དེས་ཕྱིས་ཀྱི་རྩོམ་རིག་བསྟན་བཅོས་མང་པོའི་ཁྲོད་དུ་རྒྱུན་འཛིན་བྱས་ཡོད་དེ། དཔེར་ན། རྫ་དཔལ་སྤྲུལ་གྱི་《ཆིག་བརྒྱུད་མན་ངག་རིན་པོ་ཆེའི་མཛོད་》ལས། “བཤད་མི་ཉན་པ་གསུམ་ཡོད་དེ། མི་མོས་ལ་ཆོས།མ་འདྲིས་པ་ལ་ལོ་རྒྱུས། མི་སྲིད་པའི་སྐད་ཆ། མི་དགོས་པ་གསུམ་ཡོད་དེ། གྲོགས་ལ་དགའ་སྡུག གཏམ་ལ་འགྱུར་ལྡོག བྱ་བ་ལ་ངོ་ལྐོག”[13]ཅེས་དབྱེ་གཞི་དང་དབྱེ་ཆོས་ཀྱི་ལམ་ནས་མཇུག་བསྡུས་ཡོད་པ་ཡང་གོང་དང་འདྲ་ཞིང་། 《ཞབས་དཀར་བའི་རྣམ་ཐར་》ལས་ཀྱང་། “གཏོང་ཕོད་རབ་ཏུ་ཆེ་དང་གཅིག ། གདོང་བཙན་ཤིན་ཏུ་དྲག་དང་གཉིས། །བློ་ཁ་མི་འགྱུར་བརྟན་པ་གསུམ། །འགྲན་ཟླ་བྱུང་ན་ཐུབ་དང་བཞི། །ལུས་སེམས་སྟོབས་རྩལ་ཆེ་དང་ལྔ། །ཚོད་ཟིན་པོ་དང་དྲུག་པོ་འདི། །ཕོ་སྐྱེས་རྣམས་ལ་དགོས་པ་ཡིན། །ཆོ་རིགས་ཤིན་ཏུ་བཙུན་དང་གཅིག །ཁྲེལ་ཡོད་ངོ་ཚ་ཆེ་དང་གཉིས། །ནོར་གྱི་གསོག་ཚུལ་ཤེས་དང་གསུམ། །འཁོར་གཡོག་སྐྱོང་ལ་མཁས་དང་བཞི། །ཁྱོ་ཀ་གཞན་མི་བསྟེན་དང་ལྔ། །གྲོགས་ལྷར་མཐོང་དང་དྲུག་པོ་འདི། །བུད་མེད་རྣམས་ལ་དགོས་པ་ཡིན”[14]ཞེས་གྲངས་རྒྱན་གྱི་ལམ་ནས་ཕོ་སྐྱེས་དང་བུད་མེད་རྣམས་ལ་འཛོམས་དགོས་པའི་ཆ་རྐྱེན་ལ་སྤྱི་བསྡོམས་གནང་བའང་ལེགས་བཤད་འཕྲུལ་གྱི་དྲ་བའི་རྗོད་བྱེད་ཀྱི་ཚིག་དང་གཅིག་མཚུངས་སུ་ངེས་པ་ཀུན་གྱིས་མཐོང་གསལ་ལྟར་རོ། །
          མདོར་ན། ལེགས་བཤད་འདི་ནི་ས་སྐྱ་པཎྜི་ཏ་འཚོ་བཞེས་གནང་བའི་དུས་སྐབས་ཀྱི་བོད་མིའི་བསམ་བློ་དང་སྤྱོད་ལམ་མཐའ་དག་འཆར་ནུས་པའི་མེ་ལོང་ལྟ་བུ་ཞིག་ཏུ་འཁུམས་ཤིང་། ཚིག་སྣ་ཐུང་ཡང་དོན་གྱི་འགངས་འདུ་བའི་བོད་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་གི་ཁྱད་ཆོས་རྒྱུན་འཛིན་བྱས་ཡོད་པ་དང་། རྗོད་པ་གནད་དུ་ཐིངས་ཤིང་དོན་གསལ་བ། བསམ་ན་ངོ་མཚར་ཞིང་གདམས་དོན་བསླུ་བ་མེད་པ། ཁ་སྐད་ཀྱི་ལམ་ནས་སྐད་ཆ་གོ་བདེ་ཞིང་བློ་ངོར་འབབ་སླ་བ་སོགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པས། དེང་གི་དུས་སུའང་རྨ་མེད་པའི་ལེགས་བཤད་ཉག་ཅིག་ཡིན་ལ།  མི་དང་མིའི་བར་གྱི་རྙོག་འཛིང་གི་འབྲེལ་བར་ཤན་འབྱེད་པའི་མི་ཆོས་ཀུན་སྤྱོད་ཀྱི་མ་ལག་ཆ་ཚང་བ་ཞིག་ཡིན་ནོ། །
          དཔྱད་གཞིའི་ལུང་ཁུངས།
[1]ཞལ་ལྕེ་ལྷག་པ་ཚེ་རིང་གིས་བསྒྲིགས། ས་པཎ་ཞིབ་འཇུག [G] མི་རིགས་དཔེ་སྐྲུན་ཁང་། 2015.P.131
[2]བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས། གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། སྟོད་ཆ། [G] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010.P.79
[3][4][5][7][9]རྒྱ་ཡེ་བཀྲ་བྷོས་བསྒྲིགས། ལེགས་བཤད་ཟླ་བའི་སྣང་བ། [G] མི་རིགས་དཔེ་སྐྲུན་ཁང་། 2006. P.506 , P.504, P.421, P.114, P.420
[6]ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོའི་རྩ་འགྲེལ། [M] མི་རིགས་དཔེ་སྐྲུན་ཁང་། 1997.P78,P15
[8]ཟོན་ཐར་རྒྱལ། ལེགས་བཤད་འཕྲུལ་གྱི་དྲ་བའི་བསམ་བློའི་ནང་དོན་དང་སྒྱུ་རྩལ་གྱི་ཁྱད་ཆོས་སྐོར་རགས་ཙམ་གླེང་བ། བོད་ཀྱི་སློབ་གསོ། [J]2010ལོའི་དེབ5བ། P.63
[10][11]སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། ལེགས་རྩོམ་སྙིང་བསྡུས། [G] མི་རིགས་དཔེ་སྐྲུན་ཁང་། 1991.P.293,P.295
[12]འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། P.76
[13]རིན་ཆེན་རྡོ་རྗེས་བསྒྲིགས། བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས། [G] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005.P.212
[14]ཞབས་དཀར་ཚོགས་དྲུག་རང་གྲོལ། ཞབས་དཀར་བའི་རྣམ་ཐར། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P.1044
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1