༄༅།།རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་སྤྲོ་བ་དང་ནུས་པ་ནི་ཆུང་དུས་ནས་གསོ་སྐྱོང་བྱ་དགོས།

ན་ཤུལ་གདུགས་དཀར་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 05-21



— ཏིན་ལཱིན་གྱིས་ཀྲིག་གོ་ཕིང་ལ་བཅར་འདྲི་བྱས་པ།
མཚོ་ལྷོ། བན་ཤུལ་གདུགས་དཀར་རྒྱལ་གྱིས་བསྒྱུར།

        ཏིན། དྲི་བ་དང་པོ་ཡིན་ན། ཁྱེད་ཀྱིས་ཆུང་དུས་སློབ་སྦྱོང་ཇི་ལྟར་བྱས་པ་ཡིན་ནམ།
        ཀྲིག དྲི་བ་འདི་དྲིས་པ་ཧ་ཅང་བཟང་གི ང་ལ་གསར་འགོད་པས་བཅར་འདྲི་མང་པོ་བྱས་མྱོང་། འདི་འདྲའི་གཏིང་ཟབ་ཀྱི་དྲི་བ་དྲིས་མ་མྱོང་། ཁྱོད་ཀྱིས་སོམས། མི་རེ་རེ་ཆུང་བ་ནས་ཆེ་བར་འགྱུར་བཞིན་འདུག
        ཏིན། རེད། འདི་ངས་ཤེས།
        ཀྲིག འོན་ཀྱང་། མི་རྒན་མང་ཤོས་ཀྱིས་འདི་བརྗེད་འདུག རང་ཉིད་ཆུང་དུས་ཇི་ལྟར་འོང་བ་འདི་བརྗེད་འདུག ཆུང་དུས་འཚར་ལོངས་ཀྱི་མགོ་རྩོམ་ས་དེ་བརྗེད་འདུག འདི་ནི་མི་ཚེ་སྟེང་ཆེས་གལ་ཆེ་བའི་དུས་རིམ་ཞིག་ཡིན། ང་རང་ཉིད་ཀྱང་མི་གཞན་དག་དང་འདྲ་བར་ཆུང་དུས་ཀྱི་བྱ་བར་བསམ་གཞིག་མང་དུ་མི་གཏོང་མཁན་ཞིག་ཡིན། དེ་བས་ཁྱེད་ཀྱི་གསལ་འདེབས་ཁྲོད་ནས་ང་ལ་བསམ་གཞིག་དང་ཕྱིར་དྲན་བྱེད་དུ་བཅུག་པར་བཀའ་དྲིན་ཆེ།
        ཏིན། ཡིན་ཡང་ཁྱེད་ཀྱིས་མང་པོ་བཤད་མོད། འདྲི་གཞི་དངོས་ལ་ལན་བཏབ་མ་སོང་།
        ཀྲིག བདེན་ཀི དེས་ན་ངས་བཤད། ངས་སློབ་ཆུང་འདོན་བཞིན་པའི་སྐབས་སུ་སློབ་སྦྱོང་ཐད་དེ་འདྲའི་སྡུག་རུས་སྤྱད་མྱོང་མེད། ཁྱེད་ཚོའི་སྐབས་དེར་སློབ་མའི་ལག་དེབ་ཅེས་སློབ་སྐབས་རེ་རེར་དགེ་རྒན་གྱིས་སློབ་མ་ཚོར་དཔྱད་འཇོག་བྱེད་སའི་འབྲི་དེབ་ཆུང་ངུ་ཞིག་ཡོད་མིན་མི་ཤེས། ང་ཚོའི་སྐབས་དེར་ཡོད། སློབ་སྐབས་རེ་རེར་དགེ་རྒན་གྱིས་ང་ལ་དཔྱད་འཇོག་བྱེད་སྐབས་ཐིག་ཕྲེང་གཅིག་མ་གཏོགས་མེད། དེ་ནི་སློབ་ཁྲིད་སྐབས་སུ་པྲ་ཚག་ལ་དགའ་ཞེས་པ་དེ་རེད།
        ཏིན། ང་ཡང་སློབ་ཁྲིད་སྐབས་སུ་པྲ་ཚག་བྱེད་པར་དགའ།
        ཀྲིག འོན་ཀྱང་། ང་ལ་བཟང་ཆ་ཞིག་ཡོད་པ་ནི་བསླབ་ཕྱིའི་དཔེ་ཆར་བལྟ་རྒྱུར་དགའ་བ་དེ་ཡིན།
        ཏིན། ངའང་དེ་བཞིན་རེད།
        ཀྲིག དེས་ན་ང་ཚོ་འདྲ་བར་འདུག སློབ་ཁྲིད་སྐབས་སུ་པྲ་ཚག་བྱེད་པ་ནི་སྐྱོན་ཆ་ཞིག་རེད། སློབ་ཁྲིད་ལ་ཉན་པར་བར་ཆད་བཟོ་སྲིད་པས་དགེ་རྒན་གྱིས་སྐྱོན་བརྗོད་བྱས་པར་གནས་ལུགས་མེད་མི་སྲིད། འོན་ཀྱང་། ངོས་གཞན་ཞིག་ནས་བལྟས་ཚེ་བསླབ་ཕྱིའི་དཔེ་ཆ་གཞན་པར་ལྟ་བ་དེ་ལ་ཐོབ་འབྲས་གལ་ཆེན་འདུག ངའི་རྗེས་ཕྱོགས་ཀྱི་གྲུབ་འབྲས་ཟེར་བ་ཚང་མ་བཟང་ཆ་འདི་ལས་འཕེལ་རྒྱས་བྱུང་བ་ཡིན།
        ཏིན། དྲི་བ་གཉིས་པ་ཡིན་ན། ཁྱེད་ཀྱི་ཆུང་དུས་ཀྱི་སློབ་སྦྱོང་གིས་ད་ལྟའི་ཁྱེད་ཀྱི་གྲུབ་འབྲས་ལ་རོགས་རམ་ཡོད་དམ་མེད།
        ཀྲིག ངས་གོང་ནས་བཤད་པ་བཞིན་བསླབ་ཕྱིའི་དཔེ་ཀློག་གིས་ང་ལ་རོགས་རམ་ཆེན་པོ་ཐོབ་ཡོད། ང་ནི་ཆུང་དུས་ནས་བཟུང་གོམས་གཤིས་འདི་ལོབས་པར་གྱུར་ནས་དམའ་འབྲིང་དང་། སློབ་གྲྭ་ཆེན་མོ་བཅས་སློབ་གྲྭ་མཐར་ཕྱིན་རག་བར་དུ་རྒྱུན་འཁྱོངས་བྱས་ནས་འོངས། འདི་ནི་རིམ་བཞིན་རང་ཉིད་སྤྲོ་བ་ཡོད་པའི་ཁ་ཕྱོགས་སུ་གྱུར། ངས་བལྟས་ན། མི་ཞིག་ལ་རང་ཉིད་ཀྱི་དགའ་ཕྱོགས་ངོ་མའི་བར་སྟོང་ཡོད་མེད་དེ་ཧ་ཅང་གཙོ་བོ་རེད། མི་ཞིག་ལ་མཚོན་ན་རང་ཉིད་ཀྱིས་སྒྲུབ་འདོད་པའི་བྱ་བ་གཅིག་ཡོད་ཚེ་ད་གཟོད་དེར་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན། ཐབས་ལམ་གསར་བའི་རང་བཞིན་ལྡན་པས་བྱ་བ་དེ་ལེགས་པར་འགྲུབ་ཐུབ། གལ་ཏེ་དགེ་རྒན་དང་བསླབ་གཞི་ཁོ་ནར་བསྟུན་ནས་བྱ་བ་གཞན་ལ་སྤྲོ་སྣང་མེད་པ་ཡིན་ན། སློབ་ཚན་ལ་བཟང་མོད་མ་འོངས་པར་མདུན་ལམ་ཆེར་མེད། དེ་བས་སློབ་གྲྭ་དང་དགེ་རྒན་ལ་མཚོན་ནས་བཤད་ན། ཤེས་བྱ་ཁྲིད་རྒྱུ་དེ་གལ་ཆེན་མ་ཡིན་པར་སློབ་མར་ཤེས་བྱའི་སྤྲོ་སྣང་གསོ་སྐྱོང་བྱེད་རྒྱུ་དེ་གལ་ཆེན་རེད། མི་ཞིག་གིས་སྐད་ཆ་དོན་ལྡན་ཞིག་བཤད་པ་དྲན་གྱིན་འདུག དེའི་ནང་དོན་ནི། ཅི་ཞིག་ལ་སློབ་གསོ་ཟེར་རམ། ཁྱོད་ཀྱིས་རང་གིས་སྦྱངས་པ་ཚང་མ་བརྗེད་པར་གྱུར་རྗེས་ཅི་ཞིག་ལྷག་ཡོད་ན་དེ་ནི་སློབ་གསོ་རེད། སློབ་སྦྱོང་བྱས་པའི་ཤེས་བྱ་བྱེ་བྲག་པ་རྣམས་གལ་ཏེ་རྒྱུན་དུ་བེད་སྤྱོད་མ་བྱས་ན་བརྗེད་སླ་བ་ཞིག་རེད། བརྗེད་མི་ཐུབ་པར་ལྷག་ཡོད་པ་དེ་ཅི་ཞིག་རེད། ངས་བསམ་ན་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་སྤྲོ་བ་དང་ནུས་པ་རེད། གལ་ཏེ་ཁྱོད་ལ་སློབ་མའི་དུས་སྐབས་སུ་དེ་འདྲའི་ཐོབ་བྱ་ཞིག་ཐོབ་ཡོད་ན་ཚེ་གང་བོར་ཕན་པ་རེད།
        ཏིན། དྲི་བ་གསུམ་པ་ཡིན་ན། སློབ་མ་རྣམས་ཀྱིས་ཀྱང་རང་ཉིད་ལ་སྤྲོ་བ་ཡོད་པ་དང་ཤེས་བྱའི་ཆུ་ཚད་མཐོར་འདེགས་གཏོང་ཐུབ་པའི་དཔེ་ཆར་བལྟ་འདོད་མོད། ང་ཚོར་སློབ་སྦྱོང་སྐབས་དཀའ་ངལ་ཞིག་ཡོད་པ་ནི་ཁྱིམ་གྱི་ལས་བྱ་མང་བ་དེ་རེད། འདི་ཇི་ལྟར་བྱས་ན་ལེགས་སམ། ང་ལ་ཐབས་ཤིག་ཡོད་པ་ནི་གང་ནུས་སྒོས་ཐོག་མར་ལས་བྱ་ཚང་མ་སྒྲུབ་ཚར་རྗེས་དཔེ་ཆ་དེ་དག་ལ་བལྟས་ན་ཅི་འདྲ། ཁྱོད་ལ་འདིའི་ཕྱོགས་ནས་ཐབས་ལམ་འདྲ་ཡོད་ན་བཤད་རོགས།
        ཀྲིག ད་ལྟའི་གནས་ཚུལ་ལ་གཞིགས་ན། ཕྱོགས་གཅིག་ནས་ཁྱེད་ཀྱི་བྱེད་ཐབས་འདི་ཧ་ཅང་འགྲིག་འདུག་མོད་ཡང་གཅིག་བྱས་ན་ཐབས་ལམ་འབའ་ཞིག་གོ
        ཏིན ཐབས་མཆོག་ཅིག་ཡོད་དམ།
        ཀྲིག ངས་བལྟས་ནའང་ཐབས་མཆོག་ཅིག་མི་འདུག ལས་བྱ་མ་འགྲུབ་ཚེ་དགེ་རྒན་གྱིས་ཁས་ལེན་མི་སྲིད།
        ཏིན། དེས་ན། སློབ་མ་ལ་ལས་ལས་བྱ་འབྲི་སྐབས་ཧ་ཅང་དལ། བསླབ་ཕྱིའི་དཔེ་ཆ་གཞན་ལ་ལྟ་བའི་དུས་ཚོད་མེད་དམ།
        ཀྲིག རེད། དེ་བས་གནད་དོན་འདིའི་སྟེང་ནས་དགེ་སློབ་གཉི་གས་ཕན་ཚུན་གྱི་གྲོས་བསྡུར་བརྒྱུད་དེ་ཆོས་ཉིད་དངོས་ལ་འདང་བརྒྱབ་ནས་ལས་བྱ་བཞག་སྟེ། ལས་བྱ་བྲིས་པ་དལ་བའི་སློབ་མའང་འོས་འཚམ་གྱིས་བསླབ་ཕྱིའི་དཔེ་ཀློག་ལ་འཇུག་པ་དང་། ལས་བྱ་བྲིས་པ་མགྱོགས་པའི་སློབ་མ་དེ་བས་ཀྱང་ངོ་། ངས་བལྟས་ན་ལུགས་མཐུན་གྱི་སློབ་ཁྲིད་ཇུས་གཞི་ཞིག་གིས་སློབ་མ་མང་ཆེ་བས་དཀའ་ལས་ཆེན་པོ་རྒྱག་མི་དགོས་པར་སློབ་ཚན་ལེགས་འགྲུབ་བྱེད་དུ་བཅུག་ནས། ཁོ་ཚོར་རང་མོས་ཀྱིས་བཀོལ་སྤྱོད་བྱེད་ཆོག་པའི་དུས་ཚོད་འཇོག་གང་ཐུབ་བྱེད་དགོས། དེ་ནི་ཁོ་ཚོའི་རང་གཤིས་འཕེལ་རྒྱས་གཏོང་བའི་བར་སྟོང་རང་རེད།
        ཏིན། དྲི་བ་བཞི་པ་ཡིན་ན། ང་ཚོའི་སློབ་སྦྱོང་གི་དུས་སྐབས་དང་ཁྱེད་རང་ཆུང་དུས་ཀྱི་དུས་སྐབས་གཉིས་འདྲ་བ་མ་རེད། ཁྱེད་ཚོའི་སྐབས་སུ་བརྙན་འཕྲིན་དང་གློག་ཀླད་ཡོད་པ་མ་རེད། དེང་སྐབས་འདི་དག་ཚང་མ་ཡོད་པས་སློབ་མ་མང་ཤོས་ཀྱི་སློབ་སྦྱོང་ལ་བརྙན་འཕྲིན་དང་དྲ་རྒྱ་སོགས་ཀྱིས་བག་ཆགས་ཐེབས་ཀྱིན་འདུག ཁྱེད་ཀྱིས་བལྟས་ན་འདིའི་རིགས་ཇི་ལྟར་ཐག་བཅད་ན་འགྲིག
        ཀྲིག འདི་དྲི་བ་དཀའ་མོ་ཞིག་རེད། ང་ཚོའི་དུས་སྐབས་ལ་དངོས་པོ་འདི་དག་མེད་པ་ངོ་མ་རེད། རེད་ཀྱང་། སྐབས་དེ་ལ་དེ་མཐུན་གྱིས་ང་ཚོ་མགོ་འཁོར་དུ་འཇུག་པའི་དངོས་པོ་གཞན་ཡོད་སྲིད། དུས་སྐབས་ཅི་འདྲ་མི་གཅིག་རུང་བྱིས་པ་ཚང་མ་རྩེད་འཇོར་གཡེང་རྒྱུར་དགའ་བ་རེད། རྩེད་ན་ཚོད་འཛིན་མ་བྱས་ན་སློབ་སྦྱོང་ལ་ཤུགས་རྐྱེན་ཐེབས་པ་རེད། དེ་བས་ཚང་མར་འདུ་ཤེས་གསོ་སྐྱོང་བྱེད་པའི་གནད་དོན་ཞིག་ཡོད་པ་རེད། ད་རུང་གནད་དོན་ཞིག་ཡོད་པ་ནི་གང་རྩེ་བ་དང་ཇི་ལྟར་རྩེ་བ། རང་འགུལ་གྱིས་རྩེ་འདོད་པ་བཅས་རྩེད་མོ་དང་སློབ་སྦྱོང་ཟུང་འབྲེལ་བྱས་ནས་རྩེད་མོ་རྩེ་བ་དང་མཉམ་དུ་ཤེས་འདོད་ཀྱི་འདུན་པ་དང་བློ་སྒོ་འབྱེད་པ་དེ་ཡིན། འདི་འདྲའི་གནས་ཚུལ་མང་པོའི་འོག་ནས་བརྙན་འཕྲིན་དང་གློག་ཀླད་རོལ་རྩེད་རྩེ་བ་ནི་གཞན་དབང་གི་བརྒྱུད་རིམ་ཞིག་རེད། རྒྱུན་དུ་དུས་ཚོད་མང་པོ་འཕྲོ་བརླག་ཏུ་བཏང་མོད་ཐོབ་པ་ཧ་ཅང་ཆུང་། གལ་ཏེ་ང་ཁྱིམ་བདག་ཅིག་ཡིན་ཚེ། འདིའི་ཐད་ནས་ངེས་པར་དུ་ཚོད་འཛིན་བྱེད་སྲིད།
        ཏིན། ངའི་ཨ་ཕ་བརྙན་འཕྲིན་ལ་བལྟ་རྒྱུ་མི་དགའ་དོན་ཅི།
        ཀྲིག ཁྱེད་ཀྱི་ཨ་ཕ་དང་ངེད་གཉིས་གཅིག་པ་རེད། ངའང་མི་དགའ།
        ཏིན། དེས་ན་ངའི་ཨ་མ་བརྙན་འཕྲིན་ལ་བལྟ་རྒྱུ་དགའ་བའི་དོན་ཅི།
        ཀྲིག གནད་དོན་འདི་ཁྱོད་ཀྱིས་རང་གི་ཨ་མར་དྲིས་ན་འགྲིག ངའི་བག་ཆགས་ལྟར་ན་ཨ་མ་ཚོ་ཨ་ཕ་ལས་བརྙན་འཕྲིན་ལ་བལྟ་རྒྱུར་དགའ་བོ་འདུག
        ཏིན། མཇུག་མཐར་ཡིན་ན། ཁྱེད་ཀྱིས་ང་ཚོར་རེ་བ་དང་བསམ་འཆར་འགའ་བཏོན་ན་ཨེ་ཆོག
        ཀྲིག རེ་བ་དང་པོ་ཡིན་ན་ཁྱེད་ཚོ་ལུས་ཕུང་བདེ་ཐང་ཡོང་བར་སྨོན།
        ཏིན། ད་ལྟ་སློབ་སྦྱོང་བཤད་ཀི་ཡོད་པ་ལས་ལུས་ཕུང་བཤད་ཀི་མེད།
        ཀྲིག ལུས་ཕུང་བདེ་ཐང་མིན་ཚེ་སློབ་སྦྱོང་བྱེད་ཐུབ་བམ།
        ཏིན། མི་ཐུབ།
        ཀྲིག ཁྱོད་ཀྱིས་ལྟོས་དང་། ཁྱོད་ཀྱི་ཨ་ཕས་ད་ལྟ་ཉིན་རྒྱུན་སྤོ་ལོ་རྩེ་བཞིན་འདུག ལུས་ཕུང་སྦྱོང་བརྡར་བྱས་པ་འདི་འདྲའི་ལེགས་པོ་ཞིག་རེད། བྱ་བའི་ལས་ཕྱོད་སྔོན་ཆད་ལས་མཐོ་བ་རེད། ཁྱེད་ཚོར་ཡང་དེ་དང་འདྲ་བར་གཟུགས་པོ་ཡག་པོ་བྱུང་ན་གཞི་ནས་ཚེ་ཐག་རིང་ཏེ་ཕན་ནུས་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་ཐུབ། གཉིས་པ་ཡིན་ན། ཁྱེད་ཚོའི་སེམས་པ་སྐྱིད་པོ་ཡོང་བ་དང་རང་བྱུང་ཁམས་ཆེན་པོའི་ནང་མང་ཙམ་བསྐྱོད་དེ་ནམ་ཡང་ཉི་འོད་འོག་གི་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་གྱི་ངོ་མཚར་ལ་སྣང་བ་གཡོར་བ་དང་། རྟག་ཏུ་རང་ཉིད་ཁང་པའི་ནང་བཅུག་ནས་ལས་བྱ་འབྲི་བ་དང་བརྙན་འཕྲིན་ལ་མི་བལྟ་རྒྱུ་དེ་ཡིན། གསུམ་པ་ཡིན་ན། ངས་སློབ་ཕྱིའི་དཔེ་ཆ་མང་པོ་ཀློག་དགོས་ཞེས་བཤད་མྱོང་། དེ་བས་ཆུང་དུས་ནས་བཟུང་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་སྤྲོ་བ་དང་ནུས་པ་གསོ་སྐྱོང་བྱེད་དགོས།
        ཏིན། བཀའ་དྲིན་ཆེ། ཁྱེད་ཀྱིས་ཁོམ་སྐབས་བྲལ་བའི་བྱ་བའི་བར་གསེང་ནས་ངའི་བཅར་འདྲི་དང་ལེན་བྱས་པར་ངས་ང་ཚོའི་སློབ་གྲྭའི་སློབ་མ་ཡོངས་ཀྱི་ཚབ་བྱས་ནས་ཡང་བསྐྱར་བཀའ་དྲིན་ཆེ་ཞུས་པ་ཡིན།
        ཀྲིག ངས་ཀྱང་ཁྱེད་ཀྱིས་ང་ལ་བཅར་འདྲི་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། དེར་མཚུངས་ཁྱེད་ཀྱིས་ངའི་ཚབ་བྱས་ནས་ཁྱེད་ཀྱི་སློབ་གྲོགས་དང་དགེ་རྒན་རྣམས་ལ་ཁམས་བདེ་ཞུ་རོགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1