གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༡ཉིན།

༄༅།།བོད་མིའི་གཏམ་དཔེ་ཁྲོད་སྤྲིན་ལ་བལྟས་ནས་གནམ་གཤིས་བརྟག་ཚུལ།

        གཏམ་དཔེ་ནི་དཔེ་ལ་སྦྱར་ནས་དོན་སྟོན་པའི་ཚིག་སྦྱོར་གྱི་རྣམ་པ་ཞིག་ཡིན། དེ་ཡང་དམངས་ཁྲོད་དུ་དར་ཁྱབ་ཆེ་ཞིང་ཚིག་ཉུང་ལ་དོན་ཟབ་པ་ཞིག་རེད། གཏམ་དཔེ་དེ་དག་གི་ནང་དོན་མང་ཆེ་བ་ངལ་རྩོལ་མི་དམངས་ཀྱི་འཚོ་བ་ལས་ཐོབ་པའི་ཉམས་མྱོང་སྤྱི་བསྡོམས་བྱས་ནས། ངག་བརྒྱུད་དང་ཡང་ན་སྙན་བརྒྱུད་ཀྱི་རྣམ་པར་བརྟེན་ནས་རྒྱུན་འཛིན་བྱེད་པ་རེད། མི་དམངས་མང་ཚོགས་ཀྱི་འཚོ་བ་དངོས་ལས་བྱུང་བའི་ཉམས་མྱོང་མཚོན་བྱེད་ཀྱི་གཏམ་དཔེ་དེ་དག་ལ་མཚོན་ན་མང་ཆེ་བ་ཞིག་ཞིང་ཕྱུགས་ལས་ཐོན་སྐྱེད་དང་དམངས་སྲོལ། གནམ་གཤིས་སྐོར་གྱི་གཏམ་དཔེ་རེད། གནམ་གཤིས་དང་འབྲེལ་བའི་གཏམ་དཔེ་ཁྲོད་ང་ཚོས་དུས་རྒྱུན་གྱི་གནམ་གཤིས་འགྱུར་ལྡོག་ལ་བརྟག་དཔྱད་གཏོང་ཐུབ། དམངས་ཁྲོད་གཏམ་དཔེ་ནི་མི་དམངས་མང་ཚོགས་ཀྱིས་དུས་ཡུན་རིང་པོར་རང་བྱུང་ཁམས་སུ་འཚོ་གནས་དང་རང་བྱུང་ཆོས་ཉིད་ལ་ངོས་འཛིན་ནམ་དཔྱད་ཞིབ་བྱས་པའི་སྡོམ་ཚིག་ལྟ་བུ་ཡིན་ལ། དེའི་ཁྲོད་ནས་མི་དམངས་མང་ཚོགས་ཀྱི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་རྟོགས་ཐུབ་པར་མ་ཟད། ཚིག་སྦྱོར་གྱི་སྒྱུ་རྩལ་ཆ་ནས་གཏམ་དཔེ་ནི་ཚིག་ཉུང་ཞིང་གནད་དུ་ཁེལ་བ། གོ་བསྐོན་བློ་འགུགས་སོགས་ཀྱི་ཁྱད་ཆོས་ལྡན་པས། ང་ཚོས་གཏམ་དཔེ་ལ་གཞིགས་ནས་བོད་མིའི་ཚན་རིག་དང་མཐུན་པའི་བསམ་བློ་དང་ལྟ་བ་མང་པོ་ཞིག་རྟོགས་ཐུབ།
        གནའ་མི་ཚོར་གནམ་གཤིས་བརྟག་དཔྱད་ཀྱི་འཕྲུལ་ཆས་སོགས་མེད་པས། མི་རྣམས་ཀྱིས་རྒྱུན་དུ་སྤྲིན་གྱི་རྒྱུ་ཕྱོགས་དང་། ཁ་དོག རླུང་གི་རྒྱུ་ཕྱོགས་དང་དྲག་ཞན། གཙང་བོའི་འཕེལ་འགྲིབ། སྨུག་པ་འཐིབ་ཚུལ། འཇའ་ཚོན་འཆར་སྟངས། ཉི་ཟླ་སྐར་གསུམ་གྱི་འཆར་ནུབ། སྲོག་ཆགས་ཀྱི་རྣམ་འགྱུར། ལོ་འཁོར་ཟླ་བ་བཅུ་གཉིས་དང་དུས་ཚིགས་བཞི་ཡི་བསྐྱར་ལུགས། ཕྱུགས་ཟོག་གི་ཤ་ཤེད་རྒྱས་ཆག སྐྱེ་ལྡན་སྐྱེ་ཚུལ། རི་ཐང་གི་ཁ་དོག གནམ་གཤིས་དྲོ་གྲང་། ཆར་གྱི་འབབ་ཚུལ་སོགས་ལ་བརྟེན་ནས་གནམ་གཤིས་གནས་ཚུལ་བརྟག་གིན་ཡོད་ལ། གནམ་གཤིས་ཀྱི་གནས་ཚུལ་དང་བསྟུན་ཏེ་རུ་སྤོ་བ་དང་། བལ་འབྲེག་པ། ཞིང་རྨོ་བ་སོགས་ཀྱི་ལས་ཀ་སྒྲུབ་ཀྱིན་ཡོད།
        ཉི་མའི་འོད་ཟེར་ས་གཞི་ཆེན་པོར་ཁྱབ།། བསྐལ་བའི་སྤྲིན་པ་མི་འགྱུར་ཇི་བཞིན་འདུག། ཉི་མའི་འོད་ཟེར་སའི་གོ་ལའི་ཕྱི་ངོས་ལ་འཕྲོ་བ་དང་། ཆུའི་རླངས་པ་མཁའ་དབྱིངས་མཐོ་སར་འཕགས་ཏེ་གྲང་རེག་དང་ཕྲད་ཚེ་ཆུ་རྡུལ་ཕྲ་མོར་འགྱུར་ལ། དེ་ཉིད་ནམ་མཁར་ལྡང་བ་ལས་སྤྲིན་ཆགས་པ་རེད། འདིར་བརྗོད་པའི་གཏམ་དཔེ་ནི་སྤྲིན་ལ་འབྲེལ་བ་ཡོད།

        སྤྲིན་གྱི་རྒྱུ་ཕྱོགས་ལ་བལྟས་ནས་གནམ་གཤིས་བརྟག་ཚུལ།
        དམངས་ཁྲོད་གཏམ་དཔེ་ལ་བྱང་སྤྲིན་ལྷོ་ལ་སོང་ན་ལྷོ་ཡི་ཙན་དན་དམར་པོ་མེ་རུ་འབར།། ལྷོ་སྤྲིན་བྱང་ལ་སོང་ན་བྱང་གི་རྒྱ་མཚོ་ཆེན་པོ་དགུང་དུ་འཕྱུར།། ཞེས་སྤྲིན་གྱི་རྒྱུ་ཕྱོགས་ལ་བལྟས་ནས་ཆར་བ་འབབ་མིན་ལ་ཁ་ཚོན་གཅོད་བཞིན་ཡོད་དེ། བྱང་ཕྱོགས་ཀྱི་སྤྲིན་པ་ལྷོ་ཕྱོགས་སུ་སོང་ན་གནམ་ཐང་ཞིང་ཉི་མ་དྲོ་ངེས་པ་དང་། ལྷོ་ཕྱོགས་ཀྱི་སྤྲིན་པ་བྱང་ཕྱོགས་སུ་རྒྱུ་ན་ཆར་བ་འབབ་པར་ངོས་འཛིན་གྱིན་ཡོད། འདིར་ཙན་དན་དམར་པོ་མེ་རུ་འབར་བ་དང་རྒྱ་མཚོ་ཆེན་པོ་དགུང་དུ་འཕྱུར་བ་གཉིས་ནི་ཉི་མ་དྲོ་བ་དང་ཆར་བ་འབབ་པར་དཔེར་བཞག་ཡོད་ལ། ཚ་བ་ཆེ་ན་ནགས་ཚལ་དང་རྩི་ཤིང་སོགས་ལ་གནོད་པ་ཐེབས་པ་དང་།ཆར་བ་བབས་དྲགས་ན་ཆུ་བྲུག་པ་སོགས་ཀྱི་ཆོས་ཉིད་ལ་བལྟས་ཏེ། བོད་མི་ཚོས་ཀྱང་ཚན་རིག་དང་མཐུན་པའི་གནམ་གཤིས་ཀྱི་སྡོམ་ཚིག་འདི་འདྲ་ཞིག་བཞག་ཡོད་པ་ནི་གནས་ལུགས་དང་མཐུན་པ་ཞིག་རེད། འདིའི་ཐོག་ནས་བོད་རིགས་མི་དམངས་མང་ཚོགས་རྣམས་ས་ཁམས་ལའང་རྒྱུས་ལོན་ཅུང་ཙམ་ཡོད་པ་རྟོགས་ཐུབ་སྟེ། འཛམ་གླིང་ས་ཁམས་རིག་པའི་ཐོག་ནས་བལྟས་ན། ལྷོ་ཕྱོགས་ས་ཁུལ་དུ་ནགས་མང་བ་དང་། བྱང་ཕྱོགས་སུ་འཁྱགས་རོམ་རྒྱ་མཚོ་གཙོ་བྱས་པའི་མཚོ་ཆེན་དང་ཆུ་བོ་མང་། གཞན་ཡང་སྤྲིན་པ་ཁ་འཐབ་གནམ་ལ་དྭངས་མཐའ་མེད།།ཅེས་གནམ་ངོ་རུབ་སྟེ་སྤྲིན་པ་མང་བའི་དུས་སུ་སྤྲིན་གྱི་རྒྱུ་ཕྱོགས་གཅིག་མཚུངས་མ་ཡིན་པར་ཁ་གཏད་དུ་རྒྱུ་བའི་སྤྲིན་པ་གདོང་ཐུག་ནས་མཉམ་དུ་འདུས་པ་ན་ཆར་འབབ་པར་མ་ཟད། གནམ་ངོ་ཡུན་རིང་ལ་མི་དྭངས་པ་མཚོན་ཡོད།
        དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གཏམ་དཔེའམ་ཁ་དཔེ་སོགས་དང་སྦྱར་ནས་གནམ་གཤིས་ལ་བརྟག་དཔྱད་གཏོང་བ། དཔེར་ན་སྤྲིན་གྱི་རྒྱུ་ཕྱོགས་ལ་བལྟས་ནས་གནམ་གཤིས་བརྟག་པ་ནི། གནམ་ན་ལྕགས་ཀྱུ་ལྟ་བུའི་སྤྲིན་ཡོད་ན། ས་ལ་ཆར་བ་ཆུ་བོ་བཞིན་དུ་འབབ།། ཞོགས་པར་མཚམས་སྤྲིན་མཐོང་དུས་སྒོར་མ་འབུད།། ས་སྲོས་མཚམས་སྤྲིན་མཐོང་ན་ལེ་དབར་སྟོང་ལ་འགྲོ།། ཞེས་པའི་གཏམ་དཔེ་དེ་དག་ལ་གཞིགས་ན། གནའ་མི་ཚོར་ནམ་མཁའི་སྤྲིན་ལ་བལྟས་ནས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་བརྟག་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་མཚོན་ཐུབ། དེ་མིན་ད་དུང་དུས་ཚིགས་ཉེར་བཞིའི་འགྱུར་ལྡོག་ལ་གཞིགས་ནས་བསྒྲིགས་པའི་གཏམ་དཔེ་མང་པོ་ཡོད་པར་མ་ཟད། དམངས་ཁྲོད་ཀྱི་གནམ་གཤིས་སྐོར་གྱི་གཏམ་དཔེ་དེ་དག་ཀྱང་དེང་རབས་ཚན་རིག་གིས་བརྟག་དཔྱད་བཏང་བ་ལས་བདེན་དཔང་ཐོབ་པར་གཞིགས་ན། གནའ་རབས་ཀྱི་ངལ་རྩོལ་མི་དམངས་ལ་སྤྱང་གྲུང་འཛོམས་ཤིང་བློ་རིག་ཁྱད་དུ་འཕགས་པ་ཞིག་ལྡན་པ་རེད། དེ་ལས་ཀྱང་གནའ་མི་དག་གིས་གནམ་གཤིས་འགྱུར་ལྡོག་ལ་ཡང་དག་པའི་སྒོ་ནས་བརྟག་དཔྱད་གཏོང་བ་དང་། གནམ་གཤིས་བེད་སྤྱད་དེ་མིའི་རིགས་ལ་ཞབས་ཞུ་སྒྲུབ་པའི་རེ་འདུན་གནའ་སྔ་མོ་ནས་ཀྱང་ཡོད་པ་མཚོན་འདུག
        དགུན་དུས་སུ་སྤྲིན་གྱི་འདུ་ཚད་མི་རྒོད་པས་གཙོ་བོ་ཆར་དུས་ཀྱི་གནམ་གཤིས་སྤྲིན་དང་འབྲེལ་བ་མང་བ་སྟེ། རི་ཡི་སྐེད་པར་ན་བུན་དཀར་པོ་ཡིས།། སྐ་རགས་བཅིངས་འདྲའི་རིམ་པ་གཉིས་སམ་གསུམ།། བྱུང་ཚེ་ཆར་ཆེན་འབབ་པར་ཐེ་ཚོམ་མེད།། སྐ་རགས་བཅིངས་ལྡན་ཉིན་ཞག་གཅིག་ན་འབྱུང་།། ནམ་ལངས་དུས་ན་ཤར་ཕྱོགས་སྤྲིན་དམར་ནི། ཐག་དམར་འཐེན་འདྲ་ནུབ་ཏུ་རྒྱུག་པ་ནི།། དཀར་ཕྱོགས་ལྷ་ཡི་ཆར་ཕབ་མྱུར་དུ་ཡོང་།། ཤར་ལྷོའི་མཁའ་ལ་བལ་གདན་བརྩེགས་འདྲ་ཡིན།། སྤྲིན་རྩ་འདབས་འབྲེལ་བུ་ག་མེད་པ་ནི།། བྱུང་ཚེ་ཉིན་ཞག་གཅིག་ནང་ཆར་འབབ་བོ།། ཤར་ཕྱོགས་མཁའ་ལ་ལུག་གི་ལྟོ་ཚིལ་འདྲ།། སྤྲིན་དཀར་འདབ་ལེགས་བརྩེགས་པའི་མི་རིང་དཀར།། བྱ་ར་བྱེད་འདྲའི་གཟུགས་བརྙན་བཀང་གྱུར་ན།། ཉིན་མོ་དེ་ཉིད་ཟད་དེ་ཆར་འབབ་བོ།། ཡང་ན་དཀར་སེར་ཉི་མ་འཆར་ཀ་ཡི།། ཕྱེ་མ་ལེབ་ཀྱི་གཤོག་པ་རྒྱས་འདྲ་ཡི།། འཇམ་སྤྲིན་སྙོམས་ལེགས་ཤར་ཕྱོགས་ཁེབས་གྱུར་ན།། དེ་ཚེ་མྱུར་དུ་ཆར་ཆེན་འབབ་པར་ངེས།། ལ་སོགས་སྤྲིན་པའི་རྒྱུ་ཕྱོགས་དང་ཁ་དོག་ལ་བལྟས་ནས་གནམ་གཤིས་བརྟག་པ་རེད། གཞན་ཡང་ཤར་ལྷོའི་སྤྲིན་པས་ཉི་མར་བསྲོ།། ལྷོ་ནུབ་སྤྲིན་པས་ཆུ་ཟོ་ཁུར།། ཟེར་བ་ནི་ནམ་མཁའི་སྤྲིན་པའི་འཁོར་ཕྱོགས་ལས་ཆར་བ་འབབ་མིན་བལྟ་བ་དང་། དེ་མིན་གཞན་རི་ལུང་ངེས་བཟུང་གི་སྒོ་ནས་བརྗོད་པའང་ཡོད། ནངས་མོའི་སྤྲིན་དམར་ཆུ་ཡིན།། དཀར་པོར་གྱུར་ན་མེ་ཡིན།། དགོང་ཁའི་སྤྲིན་དམར་མེ་ཡིན།། ནག་པོར་གྱུར་ན་ཆུ་ཡིན། ལྟ་བུའི་བསྟན་དོན་ནི་ཕྱི་དྲོ་དང་ནངས་མོའི་མཚམས་སྤྲིན་འཆར་བ་སྔ་གཞུག་གི་ཁ་དོག་ལ་བལྟས་ནས་ཆར་བ་འབབ་མིན་ལྟ་བ་ཡིན་ལ། སྤྲིན་པ་དཀར་སྐྱ་ཡུན་རིང་འབབ། ཁ་དཀར་གཏིང་ནག་བདུད་ལས་རྩུབ།། ལྟ་བུ་ནི་སྤྲིན་པའི་ཁ་དོག་ལས་ཆར་ཆུ་དྲག་པོའམ་ཡུན་རིང་འབབ་མིན་གསལ་ལོ།།

《གནམ་གཤིས་ཤེས་བྱ་རབ་གསལ་མེ་ལོང》ལས་བཏུས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1