༄༅།།སྲང་གཞུག་རྩེད་རིགས།

ཆུ་བཟང་པདྨ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 05-22



ཆུ་བཟང་པདྨ་ཚེ་རིང་།



  དང་པོ། སྲང་གཞུག་རྩེད་རིགས།
        སྲང་གཞུག་སྡེ་བའི་ཁྱད་ནོར་སྲང་གཞུག་རྩེད་རིགས་ལ་མཚོན་ནའང་མཚོན་བྱེད་ཀྱི་ཉམས་འགྱུར་དང་མཚོན་བྱའི་དོན་ཕུན་སུམ་ཚོགས་པའི་བོད་ཀྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཁྲོད་ཀྱི་རིན་ཐང་གཞལ་དུ་མིད་པ་དང་གཞན་ལ་ངོམ་ཆོག་པའི་གདོད་མའི་གླུ་གར་གྱི་རྣམ་པ་གལ་ཆེན་ཞིག་དང་། རང་ཡུལ་གྱི་མཛེས་ཤིང་ལྟ་ན་སྡུག་པའི་རི་ཆུ་ནགས་གསུམ་དང་རི་ར་བ་ཁང་ཁྱིམ་གྱི་ཐུན་མིན་གྱི་ཁྱད་ཆོས། དགའ་སྐྱོ་ཆགས་སྡང་གི་འཚོ་བའི་རྣམ་པ་བཅས་མཚོན་པའི་སྒྱུ་རྩལ་རིག་པའི་དོ་རའི་ཚལ་གྱི་མི་ལོང་དངོས་མ་ཞིག་ཡིན་པར་མ་ཟད། ད་དུང་བོད་ཀྱི་དུས་སྟོན་དང་གསོལ་སྟོན་ཡོད་རྒུ་འདི་ཡིས་བསུ་ལ་འདི་ཡིས་མཆོད་ཅིང་། དགའ་མགུ་དཔལ་གྱིས་ཁྱབ་པའི་བཟོ་བོ་བི་ཤྭ་ཀརྨའི་པིར་རྩེ་ལས་ཐོན་པའི་རི་མོ་དངོས་མ་ཞིག་ཀྱང་ཡིན་པར་སྙམ།
        སྲང་གཞུག་རྩེད་རིགས་ལ་དར་ཁྱབ་ཆེ་ཞིང་ལོ་རྒྱུས་རིང་བ་དང་། འཁྲབ་སྟངས་ལ་རང་དབང་ལྡན་ཞིང་སྣ་འཛོམས་རང་བཞིན་ལྡན་པ། རང་ལེན་རང་འཁྲབ་དང་སྒྲ་སྙན་སྒྲིག་སྦྱོར་གྱི་དབྱངས་རྟ་འཛོམས་པོ་སོགས་ཀྱི་ཁྱད་ཆོས་མང་པོ་ལྡན་པར་མ་ཟད། ད་དུང་འཁྲབ་ཡུལ་དང་འཁྲབ་མཁན་ལ་ཚད་བཀག་མིད་ཅིང་སྐབས་བསྟུན་གྱི་ལས་ལ་འཕྲོད་དེ། འཁྲབ་ཡུལ་ལ་དཔོན་བླའི་མགྲོན་བྲང་དང་གསོལ་སྟོན་ཚོམས་ཆེན། རིག་གནས་ཐང་ཆེན་དང་ཚོགས་ཆེན་གར་སྟེགས། མུ་མིད་རྩྭ་ཐང་དང་གྲོང་ཚོའི་སྲང་མདོ། གཞིས་ཁྱིམ་ཨ་མའི་གོ་ཁ་དང་སྒོ་ར་གྲུ་བཞིའི་ལྷས་ར་སོགས་བྱས་ཆོག་སྟེ། འཁྲབ་མཁན་མང་བ་ལ་ཚད་བཀག་མིད་ཅིང་ཉུང་ན་མི་གཉིས་ཡན་བྱས་ཆོག་ལ། ཐམས་ཅད་ཆུང་སོ་དཀར་ཡན་ནས་རྒན་མགོ་དཀར་མན་གྱི་དགའ་བའི་གླུ་དང་སྐྱིད་པའི་བྲོ་ཡི་ཁྱད་ཆོས་སུ་སྨིན་པའི་འབྲས་བུ་ལགས།

  གཉིས་པ། ལོ་རྒྱུས་རིང་བའི་དོན་སྙིང་ལྡན་པ།
        སྲང་གཞུག་གྲོང་ཚོ་ཡི་རིག་གནས་ལ་ལོ་རྒྱུས་རིང་ཞིང་ནང་དོན་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན་ལ། ད་ལྟའི་བར་དུ་ལོ་ངོ5000ཡི་ལོ་རྒྱུས་ཡོད་ཅིང་རྡོ་ཆས་གསར་མའི་དུས་ཀྱི་མ་ཅཱ་ཡོ་རིག་གནས་ཀྱི་རྣམ་པས་ཁེངས་ཤིང་། ད་ལྟ་ཞིང་ཆེན་རིམ་པའི་སྲུང་སྐྱོབ་ལས་ཁུངས་སུ་བདམས་ཡོད། ལོ་རྒྱུས་དཔྱད་གཞི་ལྟར་ན། ལོ་ངོ2000སྔོན་གྱི་ཧན་རྒྱལ་རབས་དུས་སུ་ཁྲི་ཀའི་རྨ་ཆུའི་ལྷོ་འགྲམ་དུ་བོད་མིའི་མིས་པོ་ནུབ་རྐྱང་གི་ཞན་ལུན་རྐྱང་ཚོ་ཁག་རིགས་འདུས་སྡོད་བྱས་མྱོང་ལ། སྲང་གཞུག་གྲོང་ཚོ་ནི་ས་གནས་འདིར་གཏོགས་ཀྱི་གདོད་མའི་བོད་རིགས་གྲོང་ཚོ་ཞིག་ཡིན། སྒྱུ་རྩལ་ལས་རིགས་ལ་དུངས་ཞེན་ཆེ་ཞིང་ཕ་མིས་ཡང་མིས་ཀྱི་ཤུལ་བཞག་རིག་དངོས་འཛིན་སྐྱོང་མཁན་པོ་དབང་ཕྱུག་དང་རྒྱ་མཚོ་གཉིས་ཀྱིས་བཤད་པ་ལྟར་ན་སྲང་གཞུག་རྩེད་རིགས་ལ་ལོ་ངོ400ལྷག་གི་ལོ་རྒྱུས་ཡོད་ཅེས་སྐད། ཐོག་མར་ལེན་ཞོར་དང་འཁྲབ་ཞོར་གྱིས་སྟངས་སྟབས་དང་ཉམས་འགྱུར་སླ་བ་ནས་དཀའ་བའི་ཕྱོགས་སུ་བསྒྱུར་ཏེ་འཕེལ་རྒྱས་སུ་ཕྱིན་ནས། ད་སྔ་ཤེས་ཚོར་བྱུང་བ་ལ་སྟངས་སྟབས་དང་ཉམས་འགྱུར་སྣ་ཁ20ལྷག་མཆིས། དེ་ལས་ཅུང་གདོད་མ་ཡི་སྣ་ཁ13ལྷག་ཁྲི་ཀ་ཡི་བོད་རིགས་ས་ཁུལ་དུ་དར་ཁྱབ་བྱུང་ཡོད། སྲང་གཞུག་རྩེད་རིགས་ལ་གདོད་མའི་དབྱངས་རྟ་འཛོམས་པོ་དང་ནང་དོན་ཕུན་སུམ་ཚོགས་པ་ལྡན་པ་དང་། གདོད་མའི་རྣམ་པ་སོར་བཞག་ཆ་ཚང་ཅན་ཡིན་པས། ཉེ་བའི་ལོ་ལ་ཞིང་ཆེན་ཕྱི་ནང་གི་རིག་རྩལ་བྱ་བ་གཉེར་མཁན་དག་ལྟོགས་འདོད་ཟས་དང་སྐོམ་འདོད་ཆུ་བཞིན་སྔ་གཞུག་ཏུ་གནས་འདིར་ཕེབས་ཏེ་སློབ་སྦྱོང་དང་སྔོག་འདོན་བྱེད་མུས་སུ་མཆིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བཪྙེས་མཚམས་ནས་ཨ་རྩེད་དམ་རྩེད་རིགས་ལ་མི་དམངས་སྲིད་གཞུང་གིས་མཐོང་ཆེན་དང་རྒྱབ་སྐྱོར་གནང་སྟེ། དུས་རབས20པའི་ལོ་རབས50པ་ནས་བཟུང་ཁྲི་ཀའི་སྲང་གཞུག་རྩེད་རིགས་རྒྱུན་དུ་རྫོང་དང་ཁུལ། ཞིང་ཆེན་བཅས་ལ་ཕྱིན་ནས་འཁྲབ་སྟོན་གྱི་ཡོ་ལང་རྒྱས་ཏེ་འགྲོ་བ་ཀུན་གྱི་མིག་གི་ལོངས་སྤྱོད་དང་སེམས་ཀྱི་ཟས་མཆོག་ཏུ་བསྙལ། ཁྱད་པར་དུ1990ལོ་ནས་བཟུང་མཚོ་ལྷོ་ཁུལ་གྱི་མཛད་སྒོ་ཆེན་པོ་ཅན་གྱི་བྱ་འགུལ་དང་ཐང་ཆེན་ཡངས་པོ་ཅན་གྱི་འཁྲབ་སྟོན་དུ་ཞུགས་ནས་སྲང་གཞུག་རྩེད་རིགས་ཀྱི་ངོ་མཚར་བའི་གཟི་དཔལ་མངོན་པར་མཛད།

  གསུམ་པ། སྲང་གཞུག་རྩེད་རིགས་་ཀྱི་ནང་དོན།
        སྲང་གཞུག་རྩེད་རིགས་ཀྱིས་སེམས་པ་གངས་རིའི་མདངས་དང་གཞུངས་རྒྱུད་མདའ་མོའི་དྲང་གི་བདག་པོ་བོད་རིགས་མི་དམངས་ཀྱིས་ངལ་བའི་ལས་ལ་དགའ་བའི་མདངས་ཀྱིས་བསུ་བའི་སྟོབས་ཤུགས་དང་དྲང་བདེན་ལས་ཀྱི་སྲོལ་བཟང་བསྔོ་བ་གླུ་རུ་ལེན་པ་དང་། གཡང་དཀར་ལུག་དང་ཐུལ་དཀར་འབྲི་མོས་རྩྭ་ཟ་ཆུ་འཐུང་སྐྱིད་པ་གླུ་རུ་ལེན་པ། ཕྱུགས་རྫི་བུ་མོའི་གླུ་སྐད་དང་སྟག་ཤར་གཞོན་ནུའི་བློ་སྤོབས་གླུ་རུ་ལེན་པའོ།།
        སྲང་གཞུག་རྩེད་རིགས་སྤྱིར་བཏང་དུ་བོད་རིགས་མི་དམངས་ཀྱི་དུས་སྟོན་གྱི་ཆོ་ག་སོ་སོ་དང་བོད་རིགས་བུ་མོ་མོ་ལོ་བཅུ་གཅིག་ཅན་ནས་བཅོ་ལྔ་ཅན་གྱི་སྐྲ་ལོའི་མདུད་པ་སྔོན་ནས་གྲོལ་ཞིང་རྗེས་ལ་གཤོམ་པའི་གསོལ་སྟོན། ཕོ་གཞོན་མོ་གཞོན་ཟུང་གི་ཚེ་གཅིག་དུངས་པའི་འདུན་མ་གཅིག་ཏུ་སྦྲེལ་བའི་གཉེན་སྟོན་བཅས་ཀྱི་ཆོ་ག་མང་པོའི་མཆོད་མགོ་སྟེ། གླུ་ཡི་རྗེས་མ་དང་གར་གྱི་མགོ་མ་ཡིན།
        འཁྲབ་སྐབས་ཕོ་མོ་ཟུང་རེ་ཡིས་མཉམ་འཁྲབ་བྱེད་ཅིང་། འཁྲབ་མཁན་མང་བ་ལ་གོང་བརྗོད་ནང་བཞིན་ཚད་བཀག་མིད་ཅིང་ཉུང་མཐར་ཡང་མི་གཉིས་ཡན་བྱས་ཆོག་ལ། གཞོགས་གཉིས་ནས་འཁྲབ་ཞུགས་བྱེད་པའམ་བར་འཇུག་བྱེད་པ། ཆ་རེ་བྱས་ནས་འཁྲབ་པ། ཡང་ན་སྒོར་དབྱིབས་ཀྱི་རྣམ་པའི་འཁྲབ་ངོས་དེར་དུས་བཀག་མིད་པར་འགྱུར་བ་སྟེ། དཔེ་བཀོད་ལ་གསོན་ཉམས་ལྡན་ཞིང་རོལ་དབྱངས་སྙན་འཇེབས་ལྡན་པ། དགའ་སྤྲོ་ཡི་རྣམ་པས་གནམ་ས་འགེང་ཞིང་ལྟད་མོ་པ་དག་གི་ཡིད་ལ་དགའ་སྐྱིད་བདེ་གསུམ་གྱི་ཚོར་བའི་བདུད་རྩི་ལྷུག་པར་འཇོ་བར་མཛད།

  བཞི་པ། སྲང་གཞུག་གྲོང་ཚོའི་ཨ་རྩེད་དམ་རྩེད་རིགས་ཀྱི་ད་ལྟའི་གནས་བབ།
        དེང་རབས་རིག་གནས་ཀྱི་ཕོག་ཐུག་གིས་སྲང་གཞུག་གྲོང་ཚོའི་ཨ་རྩེད་དམ་རྩེད་རིགས་འཚོ་སྡོད་བྱེད་པར་ཛ་དྲག་གི་ཉེན་ཁའི་ཕྱོགས་སུ་ཁ་གཏད་ཡོད། ད་ལྟའི་གནས་བབ་གཤམ་གསལ་ལྟར།
        སྙན་གྲགས་ཡོད་པའི་སྒྱུ་རྩལ་པ་དང་རྐང་འཛིན་གྱི་འཁྲབ་སྟོན་པ་སྐོར་ཞིག་ལོ་ཡི་དབང་གིས་གཅིག་རྗེས་གཉིས་མཐུད་ཀྱིས་འདས་སོང་བ་དང་སྐོར་ཞིག་རྒས་ནས་ལུས་ཀྱིས་མི་ལྕོགས་ཤིང་། རྐང་འཛིན་གྱི་འཁྲབ་སྟོན་པ་གསར་པ་འཕེལ་རྒྱས་བྱུང་བ་དལ་བ་བཅས་ཀྱི་དབང་གིས་སྙན་གྲགས་ཡོད་པའི་སྒྱུ་རྩལ་པ་གསར་པ་སྐྱེད་སྲིང་བྱེད་པའི་ཁོར་ཡུག་འཛོམས་པོ་ཞིག་མིད་སྟབས། རིག་རྩལ་པ་དང་རྐང་འཛིན་པ་གཙོ་གྲས་རྒྱུན་ཆད་བྱུང་བའི་རྣམ་པ་མངོན།
        སྒྱུ་རྩལ་པ་རྒྱུན་ཆད་པ་དང་གདོད་མའི་སྒྱུ་རྩལ་པའི་བསམ་པའི་འདུ་ཤེས་བོར་བའི་སྣང་ཚུལ་ཛ་དྲག་ཡིན་པས། སྲང་གཞུག་གྲོང་ཚོའི་ཨ་རྩེད་དམ་རྩེད་རིགས་ཀྱི་སྒྱུ་རྩལ་རྣམ་པ་སྔར་ལས་ལྷག་པར་ཡ་མ་ཟུང་གི་གཟུགས་སུ་འགྱུར་བཞིན་མཆིས་ཤིང་། སྔར་ཡོད་ཀྱི་རྣམ་པ་དང་ཁྱད་ཆོས། རིག་གནས་རྒྱབ་ལྗོངས་བཅས་བོར་བའི་སྣང་ཚུལ་ཇེ་མང་ཡིན།
        མི་རྣམས་ཀྱིས་སྲང་གཞུག་གྲོང་ཚོའི་ཨ་རྩེད་དམ་རྩེད་རིགས་ལ་བཟུང་བའི་རྣམ་འགྱུར་དེ་ཉིན་རེ་ནས་ཉིན་རེར་ཇེ་ཞན་དུ་སོང་ཞིང་། སྔར་ཡོད་ཀྱི་མི་མང་ཞུགས་པའི་རང་བཞིན་དེ་མི་ཉུང་ཤོས་ཤིག་ཞུགས་པའི་ཁེར་རྐྱང་གི་འཁྲབ་སྟོན་གྱི་སྤྱོད་ཚུལ་ཞིག་ཏུ་གྱུར་ལ། དེ་བས་སྲང་གཞུག་གྲོང་ཚོའི་ཨ་རྩེད་དམ་རྩེད་རིགས་རིག་གནས་འཕེལ་རྒྱས་སུ་འགྲོ་བའི་བར་སྟོང་དེ་ཉིད་ཉིན་རེ་ནས་ཉིན་རེར་ཇེ་དོག་ཏུ་སོང་སྟེ། མུ་མཐུད་དུ་འཇིག་པའི་ཉེན་ཁའི་ཕྱོགས་སུ་གོམ་ཁ་སྒྱུར་བཞིན་མཆིས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1