“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་གཞོན་ནུའི་དྲ་ཐོག་གླེང་མོལ་བྱེད་སྒོ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-25



     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་དགོང་མོ། མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྲུང་གོའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་མཉམ་དུ“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་གཞོན་ནུའི་དྲ་ཐོག་གླེང་མོལ་བྱེད་སྒོ་སྤེལ་བ་རེད། གླེང་མོལ་བྱེད་སྒོ་དེ་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་གཉེར་བ་དང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་68ཀྱི་གཞོན་ནུ་100ལྷག་ཙམ་ཐོ་བཀོད་དེ་བྱེད་སྒོར་ཞུགས་པ་རེད།
     ཚེས་21ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུར་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས། འདི་ནི“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་གཞོན་ནུའི་བསམ་བཀོད་དང་ཤུལ་བཞག་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་གཉེར་བའི་དམིགས་བསལ་གླེང་མོལ་བྱེད་སྒོ་ཞིག་རེད། གླེང་སྟེགས་དེས“ཤུལ་བཞག་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད”འདུ་ཤེས་སུ་བཟུང་སྟེ། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་གཞོན་ནུར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལས་སྟེགས་མཁོ་འདོན་བྱས་ཡོད། ད་ཐེངས་ཀྱི་དམིགས་བསལ་གླེང་མོལ་གྱི་བརྗོད་དོན་གཙོ་བོ་ནི“གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྒྱབ་ལྗོངས་འོག་གི་གཞོན་ནུའི་འགན་འཁྲི་འཁུར་སེམས”ཞེས་པ་ཡིན་ཞིང་། འདི་ནི་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་གཞོན་ནུའི་ཁྱབ་ཁོངས་སུ་གཉེར་བའི་བྱེད་སྒོ་གལ་ཆེན་ཞིག་རེད་ཅེས་བརྗོད་པ་རེད།
     ཀྲའོ་ལི་ཅན་གྱིས། རྒྱལ་ཁབ་ཁག་གི་གཞོན་ནུས་ནད་དུག་ལ་རྒྱལ་མཚམས་མེད་པ་དང་། རིམས་ནད་ལ་རིགས་རྒྱུད་ཀྱི་དབྱེ་བ་མེད་པའི་ངོས་འཛིན་གཅིག་མཐུན་བྱེད་ཀྱི་ཡོད་པས། གོ་ལ་ཧྲིལ་པོའི་གཞོན་ནུས་སྒོ་དབྱེ་བསྟུན་མཁས་དང་ཚན་རིག་དང་མཐུན་ལ་ཆེད་ལས་ཀྱི་རྣམ་འགྱུར་བཟུང་ནས་མཐུན་སྒྲིལ་མཉམ་སྒྲུབ་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བར་བྱེད་དགོས། རྒྱལ་ཁབ་ཁག་གི་གཞོན་ནུས་གཏམ་བཤད་སྤེལ་སྐབས་ཀྲུང་གོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་ལ་གདེང་འཇོག་ཧུར་ཐག་བྱས་པ་དང་། ཀྲུང་གོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ལས་དོན་ཡག་པོ་བསྒྲུབས་པ་དང་དུས་མཚུངས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱས་ནས་གཞོན་ནུའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་དངོས་དུས་ཐོག་ཏུ་བཏོན་པས། རྒྱལ་ཁབ་ཁག་གིས་དཔྱད་གཞིར་འཛིན་འོས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1