ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པའི་གསེར་གྱི་ནས་འབྲུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-25



ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པའི་གསེར་གྱི་ནས་འབྲུ།

   སྤྱི་ཟླ5པའི་ཚེས10ཉིན་ལ་དཀར་མཛེས་རྫོང་གེ་སར་ནས་ཀྱི་རིག་གནས་ཐོན་ལས་གླིང་གི་སྒོ་འགྲམ་དུ་གསེར་མཁར་ཡུལ་ཤོག་གྲོང་ཚོ་བཞི་པའི་གྲོང་མི་ཐུབ་བསྟན་བཀྲ་ཤིས་ཀྱིས་ནས་བཙོངས་མ་ཐག་པའི་རག་དངུལ་ལག་ནང་བཟུང་ནས་དགའ་སྤྲོ་ཚད་མེད་ངང་བཀའ་དྲིན་ཆེ། བཀའ་དྲིན་ཆེ།  ཁྱེད་རང་ཚོས་ང་ཚོའི་ཚོང་ལམ་མེད་པའི་དཀའ་ངལ་བསལ་བར་མ་ཟད། ད་དུང་ཕྱིར་ཚོང་གི་རིན་གོང་ཡང་ཁྲོམ་ར་ལས་མཐོ་བ་རེད། དེ་སྔོན་ཡུལ་ཤོག་ཡོངས་སུ་བཏབ་པའི་ནས་ལ་རིན་གོང་མཐོ་པོ་རག་གི་མེད་པས་མ་ཚད། ད་དུང་ཕྱིར་ཚོང་ཐབས་ལམ་རྐྱང་པ་ཡིན་པས་ཡུལ་མི་ཚང་མར་ནས་འདེབས་པའི་ཧུར་སེམས་དེ་ཙམ་ཆེན་པོ་མེད། ད་ལྟ་ཡུལ་མི་ཚང་མར་ནས་འདེབས་པའི་ཧུར་སེམས་ཆེ་རུ་ཕྱིན་ནས་ཡུལ་མི་མང་པོ་ཞིག་གིས་ས་རྒོད་བརྐོས་ཏེ་ནས་ནག་བཏབ་པ་རེད་ཅེས་བཤད་པ་རེད། 2018ལོར་ཐུབ་བསྟན་བཀྲ་ཤིས་ཀྱིས་བཏབ་པའི་ནས་ནག་སྤྱི་རྒྱ་རེར་རིན་གོང་མཐོ་ཤོས་སྒོར3.2ལ་བཙོང་དགོས་བྱུང་བར་མ་ཟད། ད་དུང་ཚོང་བྲིན་པོའང་མིན་པ་རེད། 2018ལོར་གླིང་གེ་སར་ནས་ཀྱི་རིག་གནས་ཐོན་ལས་གླིང་བསྐྲུན་ཟིན་རྗེས། ཡུལ་ཤོག་ཡོངས་ཀྱི་ནས་ནག་ཚང་མ་ཐོན་ལས་གླིང་གིས་གཅིག་གྱུར་ཐོག་ཉོ་སྒྲུབ་བྱས་ནས་ཡུལ་ཤོག་ཡོངས་ཀྱི་ནས་ནག་ཚོང་ལམ་གྱི་གནད་དོན་ཐག་གཅོད་བྱས་པ་དང་ནས་ནག་གི་རིན་གོང་ཡང་སྤྱི་རྒྱ་རེར་སྒོར4.5བར་མཐོ་རུ་འཕར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྲོལ་རྒྱུན་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ནས་ཀྱི་ཐོན་རྫས་ཚོང་ལས་སུ་བསྒྱུར་རྒྱུར་ཤུགས་བརྒྱབ་ནས་ཟུར་སྣོན་རིན་ཐང་ཆེ་རུ་བཏང་སྟེ། 2018ལོར་དཀར་མཛེས་རྫོང་གིས་ཧྲང་ཧའེ་པའེ་མ་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་བདེ་བླག་ངང་ནང་འདྲེན་བྱས་ཏེ་ཉོ་སྒྲུབ་དང་བཟོ་སྣོན། གསོག་ཉར། འགྲེམས་སྟོན་བཅས་གཞི་གཅིག་ཏུ་འདུས་པའི་གེ་སར་ནས་ཀྱི་རིག་གནས་ཐོན་ལས་གླིང་བསྐྲུན་ཏེ། གླིང་ཁུལ་ལ་བརྟེན་ནས་ཐོན་ལས་གཅིག་སྡུད་དང་འདུ་འཛོམས། ལེགས་བསྡུས་འཕེལ་རྒྱས་བཅས་གྲུབ་པ་བྱས་ཤིང་ཞིང་ལས་ཐོན་རྫས་གཞན་སྒྱུར་བྱེད་ཚད་མཐོ་རུ་བཏང་ནས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་གྲུབ་པ་རེད།

ཐོན་ཁུངས་ལེགས་ཆ་དེ་ཐོན་ལས་ལེགས་ཆ་རུ་བསྒྱུར།

   “ནས་འདེབས་པ་ནི་ང་ཚོའི་ཡུལ་ཤོག་འདིའི་ཁྱིམ་ཚང་ཡོངས་ཀྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཡིན་པས། དེ་སྔར་ཚོང་བྲིན་པོ་མེད་པར་མ་ཟད། རིན་གོང་ཅུང་དམའ་བའི་དབང་གིས་གྲོང་མི་ཚོའི་ནས་འདེབས་པའི་ཧུར་སེམས་དེ་ཙམ་ཆེན་པོ་མེད། སྔ་མར་གསེར་མཁར་ཡུལ་ཤོག་གི་གྲོང་མི་མང་ཆེ་བས་ས་ཞིང་རྒོད་དུ་བསྐྱུར་ནས་བཞག་པ་ལས་ནས་འདེབས་འདོད་གཏན་ནས་མེད།” ཅེས་ཐུབ་བསྟན་བཀྲ་ཤིས་ཀྱིས་དེ་ལྟར་བཤད།

འདེབས་འཛུགས་ཀྱི་ཆ་རྐྱེན་ཡོད་ནའང་གཞི་ཁྱོན་ཆེ་རུ་གཏོང་འདོད་དང་ཧུར་སེམས་མེད་པ་དེ་ནི་དཀར་མཛེས་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་བཀག་རྡོར་གྱུར། དཀར་མཛེས་རྫོང་ནི་རང་ཁུལ་གྱི་ཞིང་ལས་རྫོང་ཆེན་ཞིག་ཡིན་པའི་ཆ་ནས་བཤད་ན། རྒྱལ་ཡོངས་སུ་སྐད་གྲགས་ཆེ་བའི་ནས་ཀྱི་རྟེན་གཞིའི་གྲས་ཤིག་ཡིན་པས་ལོ་རེར་ཁྱོན་མུའུ87795ལ་ནས་འདེབས་བཞིན་ཡོད་ལ། ལོ་རེར་ནས་ཐོན་ཚད་བསྡོམས་འབོར་ཏུན18614ལ་ཟིན། དེས་ཁུལ་ཡོངས་ཀྱི་བདུན་ཆའི་གཅིག་བཟུང་བཞིན་ཡོད་པས་དཀར་མཛེས་ཁུལ་བྱང་རྒྱུད་ཀྱི་འབྲུ་མཛོད་ཅེས་པའི་མཚན་སྙན་ཐོབ་ཡོད་མོད།  འོན་ཀྱང་ད་བར་བཟོ་སྣོན་ཞིབ་ཚགས་བྱེད་མཁན་ཁེ་ལས་དཀོན་པའི་དབང་གིས་ནས་ཀྱི་ཐོན་རྫས་རིན་གོང་དམའ་བ་དང་། མུའུ་རེའི་ཡོང་འབབ་སྒོར450ཙམ་ལས་མེད་པ་དང་ཕྱིར་ཚོང་ཐབས་ལམ་ལ་ཚོད་འཛིན་ཐེབས་པ་རེད།  ཞིང་པའི་ནས་འདེབས་འཛུགས་ཀྱི་ཧུར་སེམས་དམའ་རུ་ཕྱིན་ནས་དབུལ་ཐར་འབབ་འཕར་ཡོང་རྒྱུར་དཀའ་ངལ་ཆེན་པོ་ཞིག་ཐུག་བྱུང་ཅེས་དཀར་མཛེས་རྫོང་དཔལ་འབྱོར་དང་ཆ་འཕྲིན་ཚོང་དོན་ཅུས་ཀྱི་མགོ་འཛིན་འཆི་དགེས་དེ་ལྟར་བཤད་པ་རེད།

   2018ལོར་དཀར་མཛེས་རྫོང་གིས་ཚོང་འགུགས་དངུལ་འདྲེན་བྱས་པར་བརྒྱུད། ཧྲང་ཧའེ་པའེ་མ་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་ནང་འདྲེན་བྱས་ནས་ལེགས་ཆ་གཏོད་པ་དང་ཁྱད་ཆོས་འདོན་པ། ཟོང་རྟགས་སྐྲུན་པ། མཉམ་སྤེལ་བྱེད་པ་བཅས་ཀྱི་འདུ་ཤེས་ལ་དམིགས་ནས་མཐོ་སྒང་གི་ནས་ཀྱི་ཐོན་ལས་གཙོ་བོར་བྱེད་པ་དང་ནས་ཀྱི་རིག་གནས་དང་གེ་སར་རྒྱལ་པོའི་རིག་གནས་ཀྱི་ཁྱད་ཆོས་ལ་གཞིགས་ནས་སྲིབ་ངོ་ཡུལ་ཤོག་ལ་མ་དངུལ་སྒོར་ཁྲི7000བཏང་ནས་ཁྲོན་བོད་ས་ཁུལ་གྱི་ཁྱད་ཆོས་དང་ཚན་རྩལ་གསོ་སྤེལ། ཐོན་རྫས་སྦྱོར་བ། སྤྲོ་གསེང་ལྟ་སྐོར། གསར་གཏོད་ཞིབ་འཇུག་གསར་སྦོལ་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ནས་ཀྱི་རིག་གནས་གླིང་ཞིག་བསྐྲུན་ནས་དབུལ་ཕོངས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་བསལ་བ་རེད།

   “གེ་སར་རིག་གནས་ཐོན་ལས་གླིང་དེ2019ལོའི་སྤྱི་ཟླ9པར་གཉེར་སྐྱོང་ཚོད་ལྟ་བྱས་ཤིང་། ནས་ཀྱི་ཕྱེ་མ་དང་ནས་ཀྱི་བག་ལེབ། ནས་ཀྱི་བག་ཐུག ནས་ཀྱི་བཏུང་བ་སོགས་ཐོན་རྫས་རབ་དང་རིམ་པ་ཞིག་ཞིབ་འཇུག་གསར་སྦོལ་བྱས་ཏེ་ནས་ཀྱི་ཐོན་ལས་ཟུར་སྣོན་རིན་ཐང་ཆེ་རུ་ཕྱིན་ཞིང་།ཏང་ཨུ་དང་སྲིད་གཞུང་གིས་ཁྲིད་སྟོན་གནང་འོག་ནས་ཀྱི་ཉོ་སྒྲུབ་རིན་གོང་དེ་ད་ཆ་ཁྲོམ་རའི་སྤྱི་རྒྱ་རེར་སྒོར3.0ནས་སྤྱི་རྒྱ་རེར་སྒོར4.5བར་ལེགས་སྒྲིག་བྱས་ཐུབ་ཡོད། མིག་སྔར་ནས་སྤྱི་རྒྱ50000ཉོ་སྒྲུབ་བྱས་པས་ཡུལ་མིའི་ཡོང་འབབ་སྒོར་ཁྲི22.5ཐད་ཀར་འཕར་ཡོད་པ་རེད།”ཅེས་འཆི་དགེ་དེ་ལྟར་བཤད་པ་རེད།

ཁྱད་འཕགས་ཐོན་ལས་ཀྱིས་མང་ཚོགས་ཕྱུག་པོར་བཏང་།

    “དངུལ་དེ་འདྲ་མང་པོ་གསོག་ཐུབ་པ་ནི་བསམ་ཡུལ་ལས་འདས་སོང”འདི་ལོའི་དཔྱིད་གསར་དུས་ཆེན་གོང་། དཀར་མཛེས་རྫོང་འདན་མ་གྲོང་རྡལ་གྱི་དུད་ཚང་དབུལ་ཕོངས་ཚེ་རིང་རྡོ་རྗེས་གེ་སར་རིག་གནས་ཐོན་ལས་གླིང་གི་ལས་གཞི་འཛུགས་སྐྲུན་ནང་ལོ་གཅིག་གི་ངལ་ལས་བརྒྱབ་པའི་གླ་ཕོགས་བཟུང་ནས་སེམས་འགུལ་ཐེབས་བཞིན་དུ་དེ་ལྟར་བཤད།  སྔོན་མར་རིན་གནས་ཆུ་ཚད་དམའ་བའི་དབང་གིས་ཞོར་ལས་རག་དཀའ་མོ་རེད། དེ་ནས་སྲིད་གཞུང་གི་དམངས་ཕན་མ་དངུལ་དང་དབྱར་རྩྭ་དགུན་འབུ་རྐོ་བ་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ང་རང་ལའང་རང་ལག་ལ་བརྟེན་ནས་དབུལ་ཐར་ཐུབ་རྒྱུའི་རེ་འདུན་ཡོད་ན་ཡང། རང་ལ་འཇོན་ནུས་མེད་ཕྱིར་ལས་ཀ་རག་དཀའ་མོ་རེད། 2018ལོར་གེ་སར་ནས་ཀྱི་རིག་གནས་ཐོན་ལས་གླིང་དུ་བཟོ་པ་བསྡུ་རྒྱུ་དང་།དེ་ལ་རིག་གནས་ཆུ་ཚད་ལ་མི་ལྟ་བའི་གོ་ཐོས་བྱུང་སྐབས་ང་རང་ཡང་ལྟ་རུ་འགྲོ་ན་སྟབས་ལེགས་ན་ལས་ཀ་རེ་ལོན་ན་ཐང་སྙམ་ནས་སོང་བ་ཡིན། དེ་ནས་ཚང་མའི་རོགས་རམ་འོག་ལས་ལ་ཞུགས་ནས་དངུལ་སྒྲུབ་ཐུབ་བྱུང་བར་མ་ཟད། འཚོ་བ་ཡང་ཉིན་རེར་བཞིན་ཇེ་ཡག་ཏུ་ཕྱིན་པ་རེད་ཅེས་ཚེ་རིང་རྡོ་རྗེས་དེ་ལྟར་བཤད།  ཉིན་དེར་ཚེ་རིང་རྡོ་རྗེས་གླ་དངུལ་རག་པ་ཕུད། ད་དུང་དཀར་མཛེས་གྲོང་རྡལ་དང་དཀར་རགས་ཡུལ་ཤོག མདའ་མདོ་ཡུལ་ཤོག གསེར་མཁར་ཡུལ་ཤོག་སོགས་ཀྱི་ཞིང་འབྲོག་མང་ཚོགས800ལྷག་ཙམ་གྱིས་ཁྱོན་བསྡོམས་གླ་དངུལ་སྒོར་ཁྲི1000རག་པ་རེད།

གེ་སར་ནས་རིག་གནས་ཐོན་ལས་གླིང་གི་ཐོན་སྐྱེད་འཁོར་ཁང་དུ་སངས་རྒྱས་མཁའ་འགྲོ་ཡིས་ནས་ཀྱི་བག་ལེབ་ཁུག་མ་ནང་བླུགས་པར་ལྟ་ཞོར་གསར་འགོད་པར་ནས་ཀྱི་ཐོན་རྫས་ཀྱི་ཐོན་སྐྱེད་ཡོངས་རྫོགས་འཕྲུལ་ཆས་ལས་པ་རེད་ཅེས་བཤད། མོའི་ཕ་ཡུལ་ནི་དཀར་རགས་ཡུལ་ཤོག་འབུ་སྟེ་སྒང་གྲོང་ཚོ་ཡིན་ཞིང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོའི་གྲས་ཤིག་ཡིན་པས། དམའ་རིམ་སློབ་འབྲིང་སོང་ཚར་ནས་བཟུང་སློབ་མཚམས་གཞག་དགོས་བྱུང་ཡོད། སློབ་ཞུགས་མཚམས་བཞག་རྗེས་ཕུགས་འདུན་གྲུབ་པའི་རེ་བ་མེད་པ་དང་མི་ཚེ་ཚར་རྒྱུ་རེད་སྙམ་པའི་སྐབས་དེར་ཏང་ཨུ་དང་སྲིད་གཞུང་གི་བཀའ་དྲིན་འོག་མོ་རང་གེ་སར་ནས་ཀྱི་རིག་གནས་ཐོན་ལས་གླིང་དུ་ཞོར་ལས་འགྲོ་རྒྱུའི་གོ་སྐབས་ཤིག་རག་པ་རེད། སྐབས་དེར་ཟླ་རེར་གླ་ཕོགས་སྒོར3000ཙམ་རག་པས།མོའི་ངོས་ནས་བཤད་ན་ཡོང་འབབ་མི་ཉུང་བ་ཞིག་རེད། སངས་རྒྱས་མཁའ་འགྲོ་ན་ནིང་ལོར་སྤྱི་གཉེར་ཁང་གིས་ང་རང་ཧྲང་ཧའེ་རུ་སློབ་སྦྱོང་བྱེད་པར་མངགས་པ་དང་ཕྱིར་ལོག་རྗེས་གེ་སར་རིག་གནས་ཐོན་ལས་གླིང་གི་སྤྱིར་བཏང་དོ་དམ་པར་བཞག་ནས་ལག་རྩལ་ཤེས་ཤིང་གླ་ཕོགས་ཀྱང་འཕར་བ་རེད། སངས་རྒྱས་མཁའ་འགྲོས་དེ་དུས་ནི་ང་རང་ཐེངས་དང་པོར་རི་གྲོང་ནས་ཕྱིར་སོང་བ་ཡིན་པས། གནམ་གྲུར་བསྡད་སྐབས་ངས་སློབ་སྦྱོང་གི་གོ་སྐབས་ལ་དམ་འཛིན་བྱས་ནས་ཚང་མས་ང་ལ་བཅངས་པའི་རེ་བ་སྟོང་ཟད་དུ་མི་གཏོང་ཞེས་སེམས་ཐག་བཅད་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ནི་སློབ་མཐར་ཕྱིན་རྗེས་ཐོན་ལས་གླིང་གི་མགོ་ཁྲིད་ཀྱིས་ང་རང་སྤྱིར་བཏང་གི་དོ་དམ་པ་བྱེད་དུ་བཅུག་པས་ཡོང་འབབ་འཕར་ཞིང་འཚོ་བ་ཇེ་ཡག་ཏུ་སོང་བ་རེད་ཅེས་དགའ་སྤྲོ་ཚད་མེད་ངང་བཤད་པ་རེད།

   གེ་སར་རིག་གནས་ཐོན་ལས་གླིང་གི་མགོ་དཔོན་ཝུའུ་ཅན་ཧྭ་ཡིས་བཤད་རྒྱུར།ན་ནིང་ལ་ང་ཚོས་གླིང་ཁུལ་གི་གྲོང་མི་དབུལ་ཕོངས24ཧྲང་ཧའེ་རུ་སློབ་སྦྱོང་བྱེད་པར་བཏང་བ་ཡིན། སློབ་མཐར་ཕྱིན་རྗེས་ང་ཚོས་གཙོ་གནད་དུ་གསོ་སྐྱོང་བྱེད་ངེས་ཡིན། གེ་སར་ནས་ཀྱི་རིག་གནས་ཐོན་ལས་གླིང་དུ་ནས་ཀྱི་ཚན་ཞིབ་དང་བཟོ་སྣོན།རིག་གནས་ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་ཤིང་། རིག་གནས་འགྲེམས་སྟོན་ཁུལ་དང་ཐོན་རྫས་འགྲེམས་སྟོན་ཁུལ། བཟའ་བཅའ་བཟོ་སྣོན་ཁུལ། ཕྱོགས་བསྡུས་རིག་གནས་བྱེད་སྒོ་སྤེལ་ཁུལ་བཅས་སུ་ཕྱེ་ཡོད།

   ཤེས་རྟོགས་བྱུང་བར་གཞིགས་ན། ད་སྔ་གླིང་ཁུལ་གྱི་ཐོན་སྐྱེད་སྦྱོར་བ་སྣ་གཉིས་ལ་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་ས་གནས་དེ་གའི་མི་འབོར་དབུལ་ཕོངས24ལས་ཞུགས་ཐུབ་ནས་མི་རེར་ཆ་སྙོམས་ཟླ་རེའི་གླ་ཕོགས་སྒོར3000ལ་ཟིན་པ་རེད།

ཝུའུ་ཅན་ཧྭ་ཡིས་སླད་ཕྱིན་དུ་གླིང་ཁུལ་ཚང་མ་འཁོར་སྐྱོད་ཐུབ་རྗེས་ང་ཚོས་ཞིང་དུད་དང་འདེབས་འཛུགས་ཉོ་སྒྲུབ་གྲོས་མཐུན་གཞག་རྒྱུ་ཡིན། སྔོན་དཔག་བྱས་ན་ལོ་ལྟར་ནས་འབྲུ་ཏུན7700ཉོ་སྒྲུབ་བྱ་རྒྱུ་དང་ཞིང་དུད་ལ་ཡོང་འབབ་ཧ་ལམ་སྒོར་ཁྲི3465འཕར་ཐུབ་རེ་ཡོད། དེར་བཞིན་དུ་ནས་ཀྱི་རིན་ཐང་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱེད་ཐུབ་ངེས་རེད་ཅེས་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1