སྨན་པ་འགས་བོད་ཁུལ་གྱི་རིམས་འགོག་སྐོར་གྱི་གནད་དོན་གླེང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་བརྙན་འཕྲིན། སྤེལ་དུས། 05-25




     ༢༠༢༠ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་ཐེབས་པས་དུས་ཚོད་ཕྱིར་འཐེན་བྱས་པ་རེད།   རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཚུགས་ཚོགས་འདུ་དང་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཀྱི་འགོ་ཚུགས་ཚོགས་འདུའི་ཐོག  ཚོགས་ཞུགས་མི་སྣ་ཚང་མས་ཏོག་གསར་གློ་ཚད་རིམས་ནད་ཁྲོད་རང་སྲོག་བློས་བཏང་བའི་དཔའ་བོ་དང་ཚེ་སྲོག་ཤོར་བའི་སྤུན་ཟླར་མྱ་ངན་ཞུས་པ་རེད། རིམས་ནད་མཆེད་མཚམས་ད་དུང་ཆད་མེད་མོད། འཚོ་བ་མུ་མཐུད་དུ་སྐྱེལ་དགོས།  རིམས་ནད་འགོག་བཅོས་ལས་ཀའི་ཁྲོད་ནས་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་བྱས་ཏེ།  སྟོབས་ཤུགས་དང་ཤེས་བྱ་བསྡུ་ལེན་ཇི་ལྟར་བྱེད་དགོས་པ་ནི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དོ་སྣང་བྱ་ཡུལ་ཞིག་ལ་གྱུར་འདུག 

ཚེ་རིང་གཡང་འཛོམས།
   རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་གི་ཁོག་ནད་སྡེ་ཁག་གི་གཙོ་བཅོས་སྨན་པ་ཚེ་རིང་གཡང་འཛོམས་ཀྱིས་གཞི་རིམ་ནས་ནད་ཡམས་འགོག་བཅོས་ཀྱི་ལས་ཀ་བྱེད་དུས། བོད་ཁུལ་ནས་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ལ་འཕྲད་དུས་ཀྱི་ནུས་པ་གོང་མཐོར་གཏོང་དགོས་པ་མཐོང་ཞིང་། མོས་སྤྱི་བའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་པ་དང་། སྨན་དོན་མི་སྣའི་གླ་ཕོགས་གོང་མཐོར་གཏང་ནས། སྨན་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་གཞི་རིམ་ལ་ཕྱོགས་པ་དང་། ས་གནས་རང་གི་ནད་ཡམས་འགོག་བཅོས་ཀྱི་ཆུ་ཚད་གོང་མཐོར་གཏོང་དགོས་ཟེར།



གཉའ་རྒྱལ་མཚན།

    ནད་ཡམས་ཀྱི་སྐབས་སུ།  དཀར་མཛེས་ཁུལ་གྱི་བོད་སྨན་གྱི་དགེ་མཚན་འདོན་སྤེལ་བྱས་ཤིང་། བོད་སྨན་གྱི་ཆེད་མཁས་ཚོགས་པ་བཙུགས་ནས་རིམས་འགོག་མདུན་སར་སོང་བ་རེད། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། དཀར་མཛེས་ཁུལ་བོད་ལུགས་སྨན་ཁང་གི་ཡོན་ཀྲང་གཞོན་པ་གཉའ་རྒྱལ་མཚན་ཡང་དེའི་ཁྲོད་ཀྱི་ཆེད་མཁས་པ་གཅིག་ཡིན་ལ། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་ནས། ཁོས་ཀྲུང་ལུགས་དང་བོད་ཀྱི་གསོ་རིག་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་འགོག་བཅོས་མ་ལག་ཏུ་འཇོག་དགོས་པའི་བསམ་འཆར་བཏོན་ནས། རྒྱལ་ཁབ་ཀྱི་མཐོང་ཆེན་བྱེད་པར་རེ་བ་བཅངས་འདུག་ལ། ད་དུང་མ་འོངས་པར། རིམས་འགོག་ལས་ཁུངས་དང་ཕྱོགས་བསྡུས་སྨན་ཁང་། བོད་སྨན་ཁང་སོགས་ནས་ཀྲུང་ལུགས་བོད་ལུགས་གཅིག་འདུས་ཀྱི་རིམས་འགོག་སྡེ་ཁག་བཙུགས་ནས། དེ་བསྟུན་གྱི་ཆེད་ལས་ཤེས་ལྡན་མི་སྣ་ཁ་སྣོན་གཏོང་རྒྱུའི་རེ་བ་བཟུང་འདུག


ལི་ཝེ་མེན།

     ནད་ཡམས་འགོག་རྒོལ་གྱི་སྐབས་སུ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གི་ཡོན་ཀྲང་ལི་ཝེ་མེན་གྱིས་སི་ཁྲོན་ཏོག་གསར་གློ་ཚད་ནད་གཞི་ལྕི་བའི་ནད་པའི་སྨན་བཅོས་ཆེད་མཁས་ཚོགས་པའི་ཚོགས་གཙོའི་འགན་བཞེས་པ་མ་ཟད། མདུན་ས་ནས་ལས་ཀ་སྒྲུབ། ཧྭ་ཞི་སྨན་ཁང་ལ་མཚོན་ན་སི་ཁྲོན་ཞིང་ཆེན་གྱི་དམིགས་བཙུགས་སྐྱོབ་བཅོས་སྨན་ཁང་ཡིན་ལ། དཀར་མཛེས་ཁུལ་རྟའུ་རྫོང་དུ་ནད་ཡམས་བྱུང་རྗེས། དེ་མ་ཐག་ཆེད་མཁས་མི་སྣ་བཀོད་སྒྲིག་བྱས་ནས་རིམས་འགོག་བྱས་པ་རེད། ལི་ཝེ་མེན་གྱི་བསམ་ན། མི་རིགས་ས་ཁུལ་ནས་ཐོལ་བྱུང་སྤྱི་བའི་འཕྲོན་བསྟེན་དོན་རྐྱེན་དང་འཕྲད་དུས། མི་འདང་ས་གཉིས་ཡོད་ལ། གཅིག་ནི་ཟུར་བཀར་ནད་ཁང་དང་དབུགས་རྔུབ་སྒྲིག་ཆས། མྱུར་སྐྱོབ་རླངས་འཁོར་སོགས་མྱུར་བཅོས་ལ་མཁོ་བའི་སྒྲིག་ཆས་མི་འདང་བ་དང་། གཉིས་ནས་སྨན་པ་དང་སྨན་གཡོག་གི་ཤེས་ལྡན་མི་སྣ་འདང་གི་མི་འདུག་ཟེར།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1