ཤང་ཀྲང་དཀོན་མཆོག་ཆོས་སྒྲོན་གྱིས་གསར་འགོད་པར་ལན་འདི་འདྲ་བཏབ་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 05-26


       ཚེས24ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེ་མོའི་གསར་འགྱུར་ཡོངས་བསྒྲགས་ཐིང་གི“ཨུ་ཡོན་བགྲོད་ལམ”དུ་ལྷོ་པ་རིགས་ཀྱི་རྒྱན་གོས་སྤྲས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྩ་རི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཤང་ཀྲང་དཀོན་མཆོག་ཆོས་སྒྲོན་གྱིས“ང་ཚོ་རྩ་རི་ཤང་ཡོངས་དབུལ་སྒྲོལ་ཐུབ་སོང་། རྒྱལ་ཁབ་ཐུགས་བློ་བདེ་པོ་གནང་རོགས”ཞེས་རྩ་རི་ཤང་གི་མཐའ་མཚམས་མི་སེར747གྱི་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱས་པ་རེད།
       སྨྱན་སྦྱོར་གྱིས་དྲི་བར་ལན་འདེབས་སྐབས། དཀོན་མཆོག་ཆོས་སྒྲོན་གྱིས་གསོན་ཉམས་དོད་ཅིང་མི་སེམས་འགུལ་བའི་གཏམ་རྒྱུད་དང་དཔེ་མཚོན་ངོ་མ་དྲངས་ནས། འཛམ་གླིང་ཡོངས་ལ་བོད་ཀྱི་མཐའ་མཚམས་གཞི་རིམ་གྱི་དབུལ་སྒྲོལ་གྲུབ་འབྲས་མངོན་པར་བྱས་ཡོད།
       རྩ་རི་ཤང་ནི་བོད་ཀྱི་ཤིན་ཏུ་དབུལ་བའི་ཐག་རིང་ཤང་ཞིག་རེད་ལ་བོད་རང་སྐྱོང་ལྗོངས་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ་ཁག་དང་པོ་དེའང་རེད། མཛེས་སྡུག་ལྡན་པའི་ས་ཆ་འདིར་སྔོན་ཆད་ཆུ་དང་། གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཞན་པའི་དབང་གིས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ཐོན་ལས་ཀྱི་ཐོན་ཁུངས་སུ་སྒྱུར་ཐབས་བྲལ།
       བོད་ཀྱི་གཞི་རིམ་ལས་བྱེད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་གནད་ཇི་ལྟར་བསལ་མིན་སྐོར་འདྲི་སྐབས། “དབུལ་པོ་ལས་སྒྲོལ་བར་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་བརྟེན་དགོས་ལ། གཞི་རིམ་གྱི་སྐུལ་འདེད་ཏན་ཏིག་ལའང་བརྟེན་དགོས། གཞི་རིམ་གྱི་ལས་ཀའི་སྐོར་གླེང་སྐབས། ངའི་བསམ་པར་གལ་ཆེ་ཤོས་ནི་ལག་ལེན་ལ་ཐུག་ཡོད། ཏང་གིས་བསྟན་པའི་ཁ་ཕྱོགས་དང་མང་ཚོགས་ཀྱི་དགོས་མཁོ་དངོས་ཟུང་འབྲེལ་ཇི་ལྟར་བྱེད་མིན་ཐད། ང་ཚོ་གཞི་རིམ་ལས་བྱེད་པ་ནི‘མཐའ་མའི་འགག་གནད’དེ་ཡིན་པས། གོམ་པ་རེ་རེ་བྱས་ནས་ལས་དོན་ཡག་པོ་སྒྲུབ་དགོས” ཞེས་དཀོན་མཆོག་ཆོས་སྒྲོན་གྱིས་ལན་བཏབ།

    “མཐའ་མཚམས་གྲོང་ཚོ་བསྒྱུར་བཀོད་བྱེད་སྐབས། ང་ཚོ་གཞི་རིམ་ལས་བྱེད་པས་གནས་སྤོས་མང་ཚོགས་ལ་རང་ཉིད་ཀྱི་ལས་ཤག་སྤྲད་ནས་སྡོད་དུ་བཅུག་པ་དང་། ཉིན་གང་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་བསྡད་ནས་མང་ཚོགས་ཀྱིས་གློག་སྤྱོད་པ་དང་ཆུ་འཐུང་བ་སོགས་ཀྱི་བྱ་བ་ཆུང་ཙག་དེ་དག་ཐག་གཅོད་བྱེད་ཀྱི་ཡོད། “ང་ཚོའི་གཞི་རིམ་ལས་བྱེད་པ་མང་པོ་ཞིག་དགུ་བཅུ་པའི་ནང་སྐྱེས་ཡིན་པས། མི་སེར་ལ་ཁང་པ་སྤོ་རོགས་བྱེད་དུས་རྐང་མཐིལ་ལ་གཟེར་ཟུག་པ་དང་། དཔྲལ་བར་ཚ་བ་རྒྱས་བཞིན་དུ་ད་དུང་ལས་གནས་བརྟན་སྲུང་བྱེད་པ་མཐོང་སྐབས། མི་སེར་ཚོས་བདེ་སྐྱིད་འཚོ་བ་དངོས་སུ་སྐྱེལ་རྒྱུ་ཡོད་པར་ཡིད་ཆེས་དེ་བས་སྐྱེས་ཡོད་དེ། ཕྲུ་གུ་དེ་དག་གིས་དེ་ལྟར་འབད་བརྩོན་བྱེད་བཞིན་ཡོད་པས་སོ། ཁོ་ཚོས་ཏང་གི་བཀའ་ལ་ཉན་པ་དང་ང་ཚོའི་རྗེས་སུ་འབྲང་ཚེ། ཕུགས་འདུན་མངོན་འགྱུར་ཐུབ་ངེས་ཡིན་ལ། དཀའ་ངལ་ཡང་ཁྱད་བསད་ཐུབ་ངེས་ཡིན་པ་དེ་བས་གསལ་པོར་ཤེས་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1