ཁྭ་ཏ་ནི་བཀྲ་ཤིས་པའི་བྱ་ཞིག་ཡིན། —— ཁྭ་ཏའི་རང་གཤིས་དང་འབྲེལ་ཏེ་ལུའུ་ཞུན་གྱི《སྨན》ཁྲོད་ཀྱི་ཁྭ་ཏ་གླེང་བ།

ཤ་མོ་མཚོ། གུ་རུ་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-26


[གནད་བཏུས] དཔྱད་རྩོམ་འདིར་མཐོ་འབྲིང་སྐད་ཡིག་དེབ་ལྔ་པའི་སྟེང་གི་སྐུ་ཞབས་ལུའུ་ཞུན་གྱི་བརྩམས་སྒྲུང《སྨན》ཁྲོད་ཀྱི་ཁྭ་ཏའི་མཚོན་དོན་དང་ངོས་འཛིན་སྟངས་ལ། རྒྱ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་སྦྱར་ནས་དཔྱད་པ་ཅུང་ཟད་བཏང་ཡོད།

[གནད་ཚིག] ཁྭ་ཏ། མཚོན་སྟོབས། ཕུགས་བསམ། སྙིང་སྟོབས།

གཅིག ཁྭ་ཏ་ནི་བཀྲ་ཤིས་པའི་བྱ་ཞིག་ཡིན་པ་གླེང་བ།

མི་ཀུན་གྱིས་ཁྭ་ཏ་ནི་ཐན་བྱ་ཞིག་ཏུ་ངོས་འཛིན་པར་བྱེད། དེ་ལྟར་ངོས་འཛིན་དོན་ནི་གཅིག་ནས་ཁོ་ལ་སྐྱ་ཀ་ལྟ་བུའི་མཛེས་སྡུག་དང་རྨ་བྱ་ལྟ་བུའི་སྤྱང་གྲུང་ཁུག་རྟ་ལྟ་བུའི་སྐྱེན་འགྱུར་སོགས་མེད་པས་ཡིན་ལ། གཉིས་ནས་ཁུ་བྱུག་བཞིན་གྱི་སྐད་སྙན་ཡང་མེད་པས། མི་རྣམས་ཀྱི་སྣང་ངོར་ཁྭ་ཏའི་ཕྱིའི་རྣམ་པ་ཆེས་མི་མཛེས་ལ། གསུང་སྐད་ཀྱང་ཆེས་མི་སྙན་པ་ཞིག་ཏུ་ངོས་འཛིན་པར་མ་ཟད། བོད་རང་གི་བཤད་ཚུལ་དུའང“བྱ་ཁྭ་ཏའི་ཁ་ན་གཏམ་སྙན་མེད”ཅེས་དང་།“ཐན་བྱ་ཁྭ་ཏ”སོགས་ཀྱིས་ངན་སྒྲོག་བྱེད་ཅི་ཐུབ་བྱེད་པས་ཁྭ་ཏ་ནི་བཀྲ་མི་ཤིས་པའི་བྱ་ཞིག་ཏུ་གཅིག་མཐུན་དུ་ངོས་འཛིན་པར་བྱེད།དེ་ལྟར་ངོས་འཛིན་དོན་ལ་རྒྱུ་རྐྱེན་གཞན་ཞིག་ཀྱང་མཆིས་ཏེ། གནའ་བོའི་ཀེ་རི་སེའི་ལྷ་སྒྲུང་དུ་ཉི་མའི་ལྷ་ཨ་པོ་ལུའོ་དང་ཀོ་ལུའུ་སི་གཉིས་འཇིག་རྟེན་མཐུན་འཇུག་གི་ལས་ལ་འཇུག་བཞིན་པའི་སྐབས་སུ། ཁོས་ལྷ་བྱ་ཁྭ་ཏ་མངགས་ནས་རང་གི་དགའ་རོགས་ཀི་ལོའུ་སི་ལ་ལྟ་རྟོག་བྱེད་དུ་བཅུག ཉིན་ཞིག་ལྷ་བྱ་ཁྭ་ཏས་སྲས་མོ་ཀོ་ལུའུ་སི་མི་གཞན་ཞིག་དང་འབྲེལ་འདྲིས་བྱེད་བཞིན་པ་མཐོང་སྟེ་མྱུར་དུ་སོང་ནས་ཨ་པོ་ལུའོ་ལ་བཤད། ཨ་པོ་ལུའོ་ཁོང་ཁྲོ་གཏིང་ནས་ལངས་ཏེ་གྲི་གཙག་ཐེངས་གཅིག་གིས་སྲས་མོ་ཀོ་ལུའུ་སི་ལྔ་པའི་ལམ་དུ་དྲངས། ཕྱིས་སུ་ཁོས་སྐྱེས་པ་དེ་དང་རང་གི་དགའ་རོགས་བར་ན་དོན་ཅི་ཡང་མེད་པ་རྟོགས་རྗེས། ཁོང་ཁྲོའི་མེ་ལྕེ་རབ་ཏུ་འཕྱུར་ཏེ་རང་གི་ལྷ་བྱ་ཁྭ་ཏ་ནི་དབྱེན་སྦྱོར་བྱེད་མཁན་གཏེ་བོ་ཞིག་ཏུ་བགྲངས་ནས་རྒྱང་དུ་སྤྱུགས་ཤིང་། ཁོ་རང་འགྱོད་གདུང་དང་སྡུག་བསྔལ་དྲག་པོས་རབ་ཏུ་མནར། དེ་ནས་བཟུང་ཁྭ་ཏ་ནི་ཡུལ་ཁམས་དེ་རུ་ཐན་བྱ་ཞིག་ཏུ་བརྩིས་ཤིང་ངན་སྤྱོད་ཀྱི་གཤིས་ཀ་ཀུན་ལ་གྲགས་པ་རེད །དེ་བཞིན་དུ་ཀྲུང་གོའི་མོ་དཔེའི་ནང་དུའང་བྱ་ཁྭ་ཏས་འཆི་བ་དང་འཇིགས་སྐྲག རྐྱེན་ངག་སོགས་མཚོན་པ་དང་། རྒྱ་མི་རིགས་ལའང“བྱ་ཁྭ་ཏའི་ཁ་ན་གཏམ་སྙན་མེད”ཅེས་དང་།“གནམ་འོག་གི་ཁྭ་ཏ་ནག་རྐྱང་ཡིན”སོགས་ཀྱི་བཤད་ཚུལ་ཡོད་པས། རྒྱ་མི་རྣམས་ཀྱང་ཁྭ་ཏ་ལ་མི་དགའ་ཤིང་ཞེ་མེར་བ་རེད། དོན་གྱིས་བྱ་ཁྭ་ཏ་ནི་དེ་ལྟ་བུ་ཞིག་ག་ལ་ཡིན་ཏེ། ཁོར་གཞན་གྱི་སྲོག་བསྐྱབས་པའི་ལོ་རྒྱུས་གླེང་རྒྱུ་ཡོད་ལ། དྲིན་བྱས་དྲིན་དུ་གོ་ཞིང་ཁྲེལ་གཞུང་ལྡན་པ། བློ་རིག་བཀྲ་ཞིང་མིག་རྒྱང་རིང་བའི་གཏམ་རྒྱུད་ཀྱང་གླེང་རྒྱུ་ཡོད།

༡.སྲོག་བསྐྱབས་པའི་ལོ་རྒྱུས།

ལོ་དེར། ནུར་ཧ་ཁྲི་དང་མན་ཇུ་དམག་དཔུང་གཉིས་གཡུལ་འཐབ་དྲག་པོ་བྱས་མཐར་ནུར་ཧ་ཁྲིས་ཕམ་ཁ་ཆེན་པོ་མྱང། ཁོས་ཕམ་དམག་རྣམས་ཁྲིད་དེ་ཕྱིར་འབྲོ་བའི་ལམ་བར་དུ། དེ་དང་ཁད་མི་རིང་བའི་ས་རུ་ནགས་ཚལ་སྟུག་པོ་ཞིག་ཡོད་པ་དེའི་ནགས་རྫུབས་མཐུག་ས་ཞིག་ཏུ་བསྐུངས་ནས་བསྡད། མན་ཇུ་དམག་གིས་བདས་ནས་ནགས་འགྲམ་དུ་སླེབས་པ་ན། ནུར་ཧ་ཁྲི་སྐྲག་ནས་སྙིང་མིད་ཐག་ཁར་ཐོན། མན་དམག་ནགས་ཚལ་དུ་འཛུལ་གྲབས་བྱས་མ་ཐག་ནགས་གསེབ་ནས་གློ་བུར་དུ་ཁྭ་ཏ་ཁྱུ་ཞིག་གཤོག་རྡེབ་ལྷང་ལྷང་ངང་འཕུར་བས། མན་ཇུའི་དམག་དཔོན་གྱིས་དེ་མཐོང་མ་ཐག“ཁྭ་ཏས་སྡོང་མགོ་ན་ངལ་གསོ་དུས། ནགས་གསེང་ན་མི་མེད་པ་ཐག་གིས་ཆོད”ཅེས་བཤད་དེ་མན་དམག་ཕྱིར་འཐེན་བྱས། ལོ་ཉི་ཤུ་ལྷག་གི་རྗེས་སུ་རྒྱལ་པོ་ཧྲིན་ཀྲིས་རང་གི་མེས་པོ་ནུར་ཧ་ཁྲི་ལ་རྗེས་དྲན་བྱ་ཆེད། མི་མངགས་ནས་ཁོ་རང་སྲོག་ཉེན་ལས་ཐར་སའི་ནགས་ཚལ་བཙལ་དུ་བཅུག་ནས་རྙེད་པས། ཧྲུན་ཀྲི་ཁྲི་ལོ་བརྒྱད་པ(སྤྱི་ལོ1651)ལོར་བཀྲ་ཤིས་པའི་གནས་དེར་ལྷ་ཁང་ཞིག་བཞེངས་ནས་མཆོད་བཀུར་བྱས།གཞན་ད་དུང་ཧུའུ་པེ་ཞིང་ཆེན་གྱི་ཝུའུ་ཏང་རི་བོའི་ཏའོ་ལུགས་པ་རྣམས་ཀྱིས་ཁྭ་ཏ་ལྷ་བྱར་བཀུར་བར་བྱེད། དཔེར་ན། ཝུའུ་ཏང་རི་བོར་གནས་མཇལ་དུ་འགྲོ་མཁན་ཚོས་འབྲས་དང་མ་རྨོས་ལོ་ཏོག་ཁྱེར་ནས་འགྲོ་ཞིང་། ལམ་བར་གྱི་བྲག་གཟར་མོའི་ཁ་ནས་སྟོར་ཏེ“ཁྭ་ཏ། ཁྭ་ཏ། མྱུར་དུ་ཁ་ཟས་ལེན་དུ་ཤོག”ཅེས་འབོད་སྲིད་ལ། ཁྭ་ཏ་མྱུར་དུ་འཕུར་ཡོང་ནས་ཁོ་ཚོས་སྟོར་བའི་ཁ་ཟས་འཁྱེར་ན། དེ་ནི་བཀྲ་ཤིས་པའི་ལྟས་སུ་བརྩི་བར་བྱེད།༢.དྲིན་བྱས་དྲིན་དུ་གོ་ཞིང་ཁྲེལ་གཞུང་ལྡན་པ།“ཁྭ་ཏའི་དྲིན་བཟོ”ཞེས་བྱ་རིགས་ཁྲོད་ཁྭ་ཏ་ནི་ཕ་མ་ལ་བསྙེན་བཀུར་བྱེད་ཤེས་པའི་བྱ་རིགས་མཆོག་ཏུ་གྱུར་པར་བགྲང་སྲོལ་ཡོད་དེ། 《སྔོ་སྨན་རྩ་འགྲེལ》དུ།“ཁྭ་ཏ་སྐྱེས་མ་ཐག་ནས་ཨ་མས་ཉིན་དྲུག་ཅུར་ཁོ་ལ་ཁ་ཟས་སྟེར་ཞིང་། ཨ་མ་རྒས་ནས་ཁ་ཟས་འཚོལ་མི་ཐུབ་དུས། ཁོས་ཕྱིར་ཨ་མ་ལ་ཉིན་དྲུག་ཅུར་ཁ་ཟས་སྟེར། དེ་ནི་དྲིན་བཟོའི་དཔེར་རུང་ངོ”ཞེས་བཀོད་ཡོད་པ་དང་། དེ་བཞིན་དུ་ཐང་རྒྱལ་རབས་ཀྱི་རླབས་ཆེ་བའི་དངོས་ཡོད་རིང་ལུགས་ཀྱི་སྙན་ངག་པ་པའེ་ཅུས་དབྱི་ཡིས་བརྩམས་པའི་སྙན་ངག《བརྩེ་ལྡན་ཁྭ་ཏས་མཚན་རྒྱུན་ངུ་སྐད་འདོན》ཞེས་པའི་ཁྲོད་དུའང་། པའེ་ཅུས་དབྱི་ཡིས་ཁྭ་ཏའི་མི་སེམས་སྒུལ་བར་བྱེད་པའི་དྲིན་བཟོ་ལ་བསྟོད་བསྔགས་བྱས་ཡོད་པ་མ་ཟད། དེ་དང་མཉམ་དུ་རང་གི་མཚན་སྙན་གྱི་ཆེད་དུ་གཡུལ་དུ་ཆས་ཏེ་ཨ་མ་ཤི་ཡང་ཕྱིར་མ་ལོག་པའི་བློན་ཆེན་ཝུའུ་ཆི(吴起)ལ“དུད་འགྲོ་ལའང་མི་དོ་བ”ཞེས་སྐྱོན་བརྗོད་བྱས་ཡོད་པ་དང་། ཁོས་ད་དུང་ཁྭ་ཏ་ནི“བྱ་རིགས་ཁྲོད་ཀྱི་ཙེང་ཧྲེན་ཡིན”(曾参ནི་ཁུང་ཙིའི་སློབ་མ་གཙོ་བོའི་གྲས་ཡིན་ཞིང་། དྲིན་བཟོའི་དཔེ་སྟོན་དུ་འཇོག་པ་ཞིག་ཡིན)ཞེས་ཁྭ་ཏ་ནི་དྲིན་བྱས་དྲིན་དུ་གོ་ཞིང་དྲིན་ལན་སྙིང་ནས་འཇལ་བའི་བྱ་རིགས་མཆོག་ཏུ་གྱུར་པ་ཞིག་ཏུ་བགྲངས་ཡོད།ད་དུང་དེ་རུ་ཁྭ་ཏའི་སྐད་ནི་མ་གཞི་ནས་དེ་འདྲའི་མི་སྙན་པ་ཞིག་མ་ཡིན་ཏེ། དུས་རྒྱུན་རང་དང་བྲལ་ཟིན་པའི་ཨ་མ་དྲན་པའི་གདུང་བ་ངག་ལ་ཡང་ཡང་དྲངས་ཤིང་། ཨ་མར་དྲིན་ལན་འཇལ་མ་ཚར་བའི་འགྱོད་སེམས་ཀྱི་གདུང་དབྱངས་ངག་ལ་ཡང་ཡང་དྲངས་པས་ཡིན་པ་བྲིས་ཡོད་ལ། དེར་མ་ཟད་རང་གི་ཨ་མ་སྡོད་སའི་ནགས་ཚལ་དེར་ཡང་ཡང་འཁོར་ནས་གཞན་དུ་མི་འགྲོ་བའི་བྱ་རིགས་ཡ་མཚན་ཅན་ཞིག་སྟེ། འགྲོ་བ་མིའི་རིགས་ཀྱིས་ཀྱང་ཁ་མིག་ཡར་བལྟ་བྱ་རུང་བའི་བྱ་རིགས་བླ་ན་འཕགས་པ་ཞིག་ཡིན་པའང་བྲིས་ཏེ་བསྟོད་བསྔགས་མཛད་ཡོད།

༣.བློ་རིག་བཀྲ་ཞིང་མིག་རྒྱང་རིང་བ།

ཁྭ་ཏར་བློ་རིག་བཀྲ་བའི་བཤད་ཚུལ་ཞིག་ཡོད་པ་ནི། ང་ཚོ་ཀུན་པོར་གསལ་ཆ་ཡོད་པའི་སློབ་ཆུང་སྐད་ཡིག་ཁྲོད་ཀྱི《ཁྭ་ཏས་ཆུ་འཐུང་བ》ཞེས་པའི་སློབ་ཚན་དེ་ཡིན་ཞིང་། དེ་ལས་ཁྭ་ཏ་ནི་བློ་རིག་བཀྲ་བའི་བྱ་ཞིག་ཡིན་པ་འུ་ཅག་གི་ཀུན་གཞིའི་ངོར་སྔ་མོ་ནས་གསལ་པོར་བསྒོས་ཡོད་པ་དེ་བཞིན་ཡིན།ཁ་ན་ཏའི་མིང་ཐེ་ལིར་མའེ་ཅིར་སློབ་ཆེན་གྱི་སྲོག་ཆགས་སྤྱོད་ལམ་གྱི་ཆེད་མཁས་པ་ལུའུ་དབྱི་སི•ལའེ་ཧྥེ་པོ་ཧྥུར་ཡིས་ཞིབ་འཇུག་བྱས་ཏེ་གསར་དུ་རྟོགས་པ་ནི། མིའི་འཕྲོ་ནས་ཁྭ་ཏ་ནི་ཤེས་ནུས་ཆེས་མཐོ་བའི་སྲོག་ཆགས་ཀྱི་གྲས་ཤིག་ཡིན་ཞིང་། ཁོའི་སྤྱིའི་ཤེས་ནུས་ཀྱི་ཚད་ནི་ཁྱིམ་གསོའི་ཁྱི་དང་མཉམ་པར་གསུངས་ཡོད།ཡང་འཇར་པན་གྱི་སློབ་གྲྭ་ཆེན་མོ་ཞིག་གི་ཉེ་འགྲམ་ན་རྒྱ་ལམ་བཞི་མདོ་ཞིག་ཡོད་པ་དེར། ཁྭ་ཏ་ཁྱུ་ཞིག་གིས་དུས་རྒྱུན་དུ་འགྲིམ་འགྲུལ་གློག་དམར་འགེར་རྒྱུར་སྒུག་འདུག འཇར་པན་གྱི་སྲོག་ཆགས་ཞིབ་འཇུག་པ་ཞིག་གིས་ཐེངས་མང་པོར་ཚོད་ལྟ་བྱས་རྗེས་གསར་རྟོགས་བྱུང་བ་ནི། གློག་དམར་འགེར་ཐེངས་རེར་ཁྭ་ཏ་རྣམས་མྱུར་དུ་སར་བབས་ཏེ་གློག་ལྗང་ལ་བསྒུགས་ནས་སྡོད་པའི་རླངས་འཁོར་གྱི་འཁོར་ལོའི་འོག་ཏུ་སྟར་ཀ་སྟོར་པ་དང་། རླངས་འཁོར་སོང་རྗེས་གས་ཧྲུག་ཏུ་བཏང་བའི་སྟར་ཁའི་ནང་སྙིང་ཟ་བཞིན་པ་རྟོགས། འདི་ལས་ཁྭ་ཏ་ལ་གསར་གཏོད་རང་བཞིན་ལྡན་པ་དང་། གཞན་ལ་བརྟེན་ནས་རང་གི་རེ་འདོད་སྒྲུབ་པའི་འདབ་ཆགས་བློ་རིག་བཀྲ་བ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད།གོང་གསལ་གྱི་དོན་འདི་དག་ལས་ང་ཚོར་ཁྭ་ཏ་ནི་ཐན་བྱ་ཞིག་མིན་པར་བཀྲ་ཤིས་པའི་བྱ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་ཅིང་། སྐུ་ཞབས་ཧུའུ་ཧྲི་ལགས་ནས་ཀྱང་ཁྭ་ཏར་གོ་བ་ལོག་འགྲེལ་བྱས་པ་དང་། མ་ཉེས་ཁ་གཡོག་ཐེབས་པར་གདུང་སེམས་བཅངས་ཏེ་དཀར་འདོན་གྱི་ཚུལ་དུ《ཁྭ་ཏ་རྒན་པ》ཞེས་པའི་ཁ་སྐད་སྙན་ངག་ཅིག་བྲིས་ཡོད་པ་ནི་འདི་ལྟ་སྟེ།“ང་ནི་སྔ་མོར་ལངས་ཏེ།ཁང་ཀླད་དུ་བབས་ནས་ཨཱ་ཨཱ་ཞེས་ཏེ་སྐད་ངན་བསྒྲགས།མི་རྣམས་ང་ལ་སུན་སྣང་སྐྱེས་ཏེ་ཐན་བྱ་ཟེར།ངས་ནི་སྐད་སྙན་ཕྱུང་ནས་མི་རྣམས་ང་ལ་དགའ་རུ་འཇུག་མི་སྲིད། གྲང་ངར་ལྡང་ཞིང་བུ་ཡུག་འཚུབ། ངལ་གསོ་བྱེད་སའི་བསྟི་གནས་མེད།ཉིན་གང་བོར་ཕར་འཕུར་ཚུར་འཕུར་བྱས་པས་བཀྲེས་ཤིང་གྲང་ངས་ནི་རལ་གྲི་ཐོགས་ཏེ་གཞན་གྱི་ཚབ་ཏུ་འཕུར་མི་རུང་།ངས་ནི་རང་ཉིད་ཕུར་བར་གཏོད་དུ་བཅུག་ནས།རང་ལ་འབྲས་རྡོག་འགའ་རེག་པར་མི་བརྩོན”ཞེས་པ་ལས་ཀྱང་ཁྭ་ཏར་ལྷག་བསམ་དང་ཕུགས་འདུན། སྙིང་སྟོབས། རང་ཚུགས་སོགས་ཡོད་པར་བསྟོད་བསྔགས་བྱས་ཡོད།

གཉིས། ཁྭ་ཏའི་རང་གཤིས་དང་འབྲེལ་ཏེ་ལུའུ་ཞུན་གྱི《སྨན》ཁྲོད་ཀྱི་ཁྭ་ཏ་གླེང་བ།

ཤྱ་ཡུས་ཀྱི་ཨ་མ(ཤྱ་ཚང་གི་ཨ་ཕྱི་བཞི་པ)ཤྱ་ཡུས་ཀྱི་དུར་སར་དུར་མཆོད་བྱེད་དུ་སོང་དུས། ལོ་འདབ་མེད་པའི་སྡོང་བོ་ཞིག་གི་སྟེང་དུ་ཁྭ་ཏ་ཞིག་བབས་འདུག་པ་མཐོང་། རྩོམ་པ་པོས་དེ་ལྟར་འབྲི་དོན་ནི་ཁྭ་ཏ་དེ་དང་ཤྱ་ཡུས་ཀྱི་ལས་དབང་གཅིག་པ་གཅིག་རྐྱང་ཡིན་པ་མཚོན་པར་བྱེད་ཆེད་ཡིན། ཤྱ་ཡུས་ནི་བསམ་བློ་གསར་པ་དང་རེ་བ་གསར་པ། སྟོབས་ཤུགས་གསར་པ་ཞིག་གི་མཚོན་དོན་ཡིན་ཡང་། སྤྱི་ཚོགས་ཀྱི་གྲུ་ག་སོ་སོའི་རྨོངས་འཐོམ་གྱི་མི་རྣམས་ཀྱིས་ཁོ་ནི་སྨྱོན་པ་དང་རེ་བ་མེད་པ་ཞིག་གི་མཚོན་བྱེད་དུ་སྦྱར་ཏེ་མ་ཉེས་ཁ་གཡོག་ཐེབས་སུ་བཅུག་པ་བཞིན། ཁྭ་ཏ་ཡང་གཞན་དོན་ལྷུར་ལེན་དང་བློ་གྲོས་ལྡན་པ། ཕུགས་བསམ་ཅན་གྱི་བཀྲ་ཤིས་པའི་བྱ་ཞིག་ཡིན་ཡང་། མི་རྣམས་ཀྱི་སྣང་ངོར་ཁོ་ནི་བཀྲ་མི་ཤིས་པ་དང་བྱ་ངན་བྱུར་གྱི་སྣ་འདྲེན་ཞིག་ཡིན་པའི་བག་ཆགས་བསྒོས་ཡོད་པས། ཁོ་ལའང་ཤྱ་ཡུས་བཞིན་མགོ་འགྱོགས་དཀའ་བའི་མ་ཉེས་ཁ་གཡོག་ཐེབས་ཡོད། ཁྭ་ཏ་འབབ་ས“ལོ་འདབ་མེད་པའི་སྡོང་བོ་ཞིག་གི་སྟེང་དུ”ཞེས་པ་དང་། སྡོད་སྟངས“སྡོང་བོའི་ཡལ་ག་དྲང་མོ་ཞིག་གི་བར་དུ་ཁྲོ་ཡིས་བླུགས་པ་ལྟར་མགོ་བོ་འཁུམས་ནས་འདུག”ཅེས་པར་ཡང་མཚོན་སྟོབས་ཆེན་པོ་ཡོད་དེ།“ལོ་འདབ་མེད་པའི་སྡོང་བོ”ཡིས་རེ་བ་མེད་པ་དང་།“སྡོང་བོའི་ཡལ་ག་དྲང་མོ་ཞིག་གི་བར་དུ”ཞེས་པས། བདེན་ལུགས་གམ་གནས་ལུགས་མཚོན་པ་དང་། ཡལ་ག་དྲང་མོ་ཞིག་གི་བར་དུ“ཁྲོ་ཡིས་བླུགས་པ་ལྟར་མགོ་བོ་འཁུམས་ནས་འདུག་པ”དེས། ཁོ་ལ་བདེན་ལུགས་ག་ཙམ་ཡོད་ནའང་། མི་ཁ་དང་བརྙས་དམོད་ཀྱིས་ཚོད་འཛིན་དང་མནར་གཅོད་བཏང་ནས་བག་འཁུམས་པར་བྱེད་པའི་ཆ་དེ་འབུར་དུ་ཐོན་པར་བྱས་ནས་བྲིས་ཡོད།

སྐབས་དེར་གསར་བརྗེ་པ་རྣམས་ནི་ཁྭ་ཏ་དང་འདྲ་བར་གཞན་གྱི་མིག་ལ་མི་རན་ཞིང་བརྙས་དམོད་ཀྱི་སོ་ཁ་རྣོན་པོས་ཡང་དང་བསྐྱར་དུ་སག་སག་འཐག་པས། ཁོ་ཚོས་མགོ་བོ་ཡར་ལ་འགྱོགས་པ་ཙམ་ལའང་སྲོག་གི་བདེན་པ་དཔང་ལ་འཇོག་དགོས་པས། ཁུར་དེ་ནི་རི་བོ་ལག་པས་འདེགས་པ་བཞིན་ཤིན་ཏུ་ཁག་པ་ཞིག་ཡིན། དེ་བས་བློ་མཐུན་ཧུའུ་ཧྲི་ལགས་ནས་ཀྱང་ཚིག་ངོས་ནས་ཁྭ་ཏ་ལ་དཀར་འདོན་བྱས་པའི་སྙན་ངག་བྲིས་ཤིང་། ཕུགས་སུ་རང་དང་ལས་དབང་གཅིག་པ་རྣམས་ལ་དཀར་འདོན་བྱས་པ་དེས་ཀྱང་། སྐབས་དེའི་རྨོངས་འཐོམ་དང་མཁྲེགས་འཛིན་གྱི་ཟིལ་ཤུགས་ག་ཙམ་ཡིན་པ་ཚིག་ངོས་ནས་གསལ་པོར་ཐོན་ཏུ་བཅུག་ཡོད།

གལ་ཏེ་ཁྭ་ཏ་དེ་ཨ་མའི་རེ་བ་བཞིན་ཤྱ་ཡུས་ཀྱི་དུར་སྟེང་དུ་བབས་ཚེ། རྨོངས་འཐོམ་གྱི་ཨ་མའི་རེ་བ་ཆུང་ངུ་དེ་འགྲུབ་ཐབས་བྱས་པ་ཙམ་ལས། ཤྱ་ཡུས་ཀྱི་ཕུགས་བསམ་དང་བདེན་པ་རྩོད་པའི་སྙིང་སྟོབས་སོགས་མཚོན་མི་ཐུབ་པས། མཚོན་སྟོབས་རང་བཞིན་ཤིན་ཏུ་ཕྲ་བར་བཏང་བ་ཙམ་ཡིན། མཐའ་མཇུག་ཁྭ་ཏ་དེ་དུར་སྟེང་དུ་མ་བབས་པར“གཤོག་ཟུང་བརྐྱངས་ཏེ་ཐད་ཀར་རྒྱང་རིང་གི་མཁའ་དབྱིངས་སུ་མདའ་འཕངས་པ་ལྟར་འཕུར”ཞེས་པ་དེར་གོ་བ་ཆེན་པོ་ལེན་རྒྱུ་ཡོད་དེ།“ཐད་ཀར”ཞེས་པས་བློ་ཐག་རྦད་ཆོད་མཚོན་པ་དང་།“རྒྱང་རིང་གི་མཁའ་དབྱིངས”ཞེས་པས་ཕུགས་བསམ་མཚོན་པ་དང་།“མདའ་འཕངས་པ་ལྟར་འཕུར”ཞེས་པས་སྟོབས་ཤུགས་དང་སྤོབས་པ་མཚོན་པས། མཐའ་མཇུག་ཁྭ་ཏ་དེའི་སྟེང་ནས་ཤྱ་ཡུས་དང་ཤྱ་ཡུས་ལྟ་བུའི་གསར་བརྗེ་པ་རྣམས་ཀྱི་ཕུགས་བསམ་དང་སྙིང་སྟོབས་མཚོན་དུ་བཅུག་ཡོད། དེ་ལྟར་བྲིས་པས་རྩོམ་འདིའི་བསྟན་བྱ་དང་མཚོན་སྟོབས་ཀྱི་ཐད་ལ་ཕན་ནུས་བླ་ན་མེད་པ་ཐོན་ཡོད།

སློབ་ཚན་འདིར་མཚོན་ན་རྩོམ་པ་པོས“ཁྲག་ལ་བསྒྲེས་པའི་ཅོང་པང”དང་།“ཤོ་ཧྲོན་གྱི་གཅོང་ནད”“ཁོར་ཡུག་གི་ལྷིང་འཇགས”“དུར་ས”“མེ་ཏོག་གི་ཕྲེང་བ”སོགས་མཚོན་སྟོབས་ཅན་གྱི་མཚོན་བྱེད་མང་པོ་བཀོལ་ནས་བྲིས་ཡོད་ཅིང་། ལྷག་པར་དུ་མངོན་གབ་ཀྱི་འབྲི་སྟངས་ཐད་ནས་ཕལ་གྱིས་བློ་ངོར་མི་ཤོང་བའི་མཚོན་སྟངས་སྤྱད་ཡོད་པས། རྩོམ་ཡིག་ཧྲིལ་བོར་མཚོན་སྟོབས་ཤིན་ཏུ་ཆེ་མོད། དེ་དག་ལས་ཀྱང་མཚོན་སྟོབས་ཆེས་ཆེ་བ་ནི་ཁྭ་ཏ་བྲིས་པའི་ཆ་འདི་ཡིན་པས། ཁྭ་ཏའི་མཚོན་དོན་དང་གནས་བབ། མཇུག་མཐའི་དམ་བཅའ་སོགས་ཀྱི་མཚོན་དོན་མ་འགྲེལ་པར། ཅམ་འཇོག་བྱས་ཚེ་གཙོ་བོ་དོར་ནས་ཕལ་བར་གཞོལ་བ་ཡིན་པས། རྩོམ་ཡིག་ཧྲིལ་བོའི་རིན་ཐང་ཡང་ཆེས་ཆེར་བཅག་པ་ཡིན་ནོ། ། དེ་བས་འུ་ཚོས་སློབ་ཚན་འདི་སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་མཚོན་སྟོབས་རང་བཞིན་ཆེས་ཆེ་བའི་ཁྭ་ཏ་གཙོར་བཟུང་ནས་འཁྲིད་རྒྱུ་ནི་གནད་ཀྱི་དམ་པའོ། །


* ཤ་མོ་མཚོ། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པར་ཕྱག་ལས་གནང་བཞིན་ཡོད།

* གུ་རུ་དོན་གྲུབ། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པར་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1