སི་ཁྲོན་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་གཅིག་བསྡུས་ཀྱིས་སྲིད་གཞུང་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-27



     སི་ཁྲོན་ཉིན་རེའི་ཚགས་པར་ནས་གནས་ཚུལ་འབྱོར་གསལ། སྤྱི་ཟླ5པའི་ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་མཁན་གྱི་སི་ཁྲོན་འཐུས་མི་ཚོགས་པས་མི་དམངས་ཚོགས་ཁང་ཆེན་པོའི་ཚོམས་ཆེན་ནུབ་མའི་ནང་ཚང་འཛོམས་གྲོས་ཚོགས་འཚོགས་ནས། ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་ལས་དོན་གྱི་སྙན་སྒྲོན་ལ་གཅིག་བསྡུས་ཀྱིས་གྲོས་ཞིབ་བྱས་པ་རེད།
     སི་ཁྲོན་གྱིས་འདེམས་བསྐོ་བྱས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་སི་ཁྲོན་འཐུས་མི་ཚོགས་པའི་འཐུས་མི་ཡོངས་རྫོགས་དང་མཉམ་དུ་སྲིད་གཞུང་ལས་དོན་གྱི་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གསུང་བཤད་གནང་བ་རེད། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་ཨུ་ཡོན་ཀྲང་གཞོན་པ་ཚའོ་ཅན་མིང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏུང་མིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན། སི་ཁྲོན་འཐུས་མི་ཚོགས་པའི་ཚོགས་གཙོ་ཕེང་ཆིང་ཧྭ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་མངའ་དཔོན། སི་ཁྲོན་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དབྱིན་ལི་གྲོས་ཞིབ་བྱེད་སར་ཞུགས་ཡོད་པ་རེད།
     འཐུས་མིའི་གཏམ་བཤད་ལ་གསན་རྗེས་ཝང་དབྱང་གིས་བསྟན་དོན། 2019ལོར་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། 2020ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ཞིང་། འཕེལ་རྒྱས་གཏང་རྒྱུའི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་ཞིང་། དཀའ་ངལ་དང་འགྲན་སློང་སྔར་བྱུང་མ་མྱོང་བ་ཞིག་རེད། སི་ཁྲོན་གྱིས་ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ཐད་གནང་བའི་གལ་ཆེ་བའི་བཀའ་སློབ་རབ་དང་རིམ་པའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཤིང་། ཁྱོན་ཡོངས་ནས་འབྱོང་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་དམིགས་ཡུལ་ལས་འགན་ལ་དམ་པོར་དམིགས་པ་དང་རིམས་ཚུལ་འགོག་བཅོས་ཚོད་འཛིན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཅིག་གྱུར་བྱས་ཏེ་བརྟན་པོ་དྲུག་གི་ལས་དོན་ཡག་པོ་ཏན་ཏིག་བསྒྲུབ་རྒྱུ་དང་། ཁྱོན་ཡོངས་ནས་འགན་སྲུང་དྲུག་གི་ལས་འགན་དོན་འཁྱོངས་་བྱས་ཏེ་གདེང་ཚོད་བརྟན་པོ་དང་དཀའ་ངལ་ཁྱད་བསད། བརྟན་ཁྲོད་ཡར་བརྩོན་བྱས་ནས་སི་ཁྲོན་བཅོས་སྐྱོང་དར་སྤེལ་གཏོང་བར་ཡང་དུ་སྐས་རིམ་གསར་པར་བསླེབ་རྒྱུའི་རེ་བ་ཡོད། རིམས་ཚུལ་གྱིས་དབུལ་ཐར་འགག་སྒྲོལ་ལ་བཟོས་པའི་ཤུགས་རྐྱེན་སེལ་གང་ཐུབ་བྱས་ནས་ནུས་ཤུགས་གཅིག་བསྡུས་བྱས་ཏེ་ཤིན་ཏུ་དབུལ་པོའི་མཐའ་མཇུག་བཙན་རྫོང་མེད་པ་བཟོ་རྒྱུ་དང་། 
     བྱེད་ཐབས་སྣ་མང་སྤྱད་དེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་དམིགས་ཡུལ་ལས་འགན་སྤུས་ཀ་ཡག་པོའི་ངང་ལེགས་འགྲུབ་བྱུང་བར་འགན་ལེན་བྱ་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་བྱས་ནས་ཏང་ཡོན་ལས་བྱེད་པ་ལ་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་ནས། ཆོས་ལུགས་དེ་ཀྲུང་གོའི་རྒྱལ་ཁབ་གནས་ཚུལ། ཀྲུང་གོའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་མཐུན་ཡོང་བར་ཁྲིད་སྟོན་བྱ་དགོས།
     ཕེང་ཆིང་ཧྭས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གསུངས་དོན། ན་ནིང་ལོ་ནས་བཟུང་། དཀའ་ངལ་མང་ཐོག་མང་བརྩེགས་ཀྱི་ཛ་དྲག་ཆེ་བའི་སྙོགས་འཛིང་གནས་བབ་ལ་ཁ་ཕྱོགས་ནས་བློ་མཐུན་ཞི་ཅིན་ཕིང་གིས་གཙོ་བོ་མཛད་པའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་ལྟ་རྟོག་དང་རྒྱབ་ཕྱོགས་ནས་བཀའ་བཀོད། དུས་གནས་རྟོགས་དཔྱོད། དཀའ་ཚེགས་ལ་ཁ་གཏད་འཇལ་བ་བཅས་བྱས་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འགག་སྒྲོལ་དཀའ་སེལ་དང་སྐུལ་ཁྲིད་ཡར་བརྩོན་བྱས་ནས་བྱ་གཞག་སོ་སོའི་ཐད་གལ་ཆེ་བའི་གྲུབ་འབྲས་གསར་པ་ཐོབ་པ་དང་། ཁྱད་པར་དུ་རིམས་ཚུལ་འགོག་བཅོས་ཚོད་འཛིན་ལ་གལ་ཆེ་བའི་འཐབ་ཇུས་གྲུབ་འབྲས་ཐོབ་ནས་རིམས་ཚུལ་འགོག་བཅོས་ཚོད་འཛིན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་རེད། འཐུས་མི་རྣམ་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་ནན་ཏན་བྱས་ནས་ཚད་མཐོན་པོའི་ཆབ་སྲིད་ཀྱི་འགན་སེམས་དང་ལོ་རྒྱུས་ཀྱི་ལས་འགན་འཁུར་སེམས་བཅངས་ཏེ། སྲིད་གཞུང་ལས་དོན་གྱི་སྙན་སྒྲོན་དང་དེ་མིན་གཞན་དག་གི་སྙན་སྒྲོན། དེ་བཞིན་དུ་གྲོས་དོན་བཅས་གྲོས་ཞིབ་བྱས་ནས་ཐབས་འདོན་ཇུས་འདོན་བྱས་མཐར། ཚོགས་ཆེན་འདི་ཁྲིམས་བཀོད་གོ་རིམ་ལྟར་འཚོག་པར་འགན་སྲུང་བྱས་ནས་ཚོགས་ཆེན་གྱི་ལས་འགན་སོ་སོ་བདེ་བླགས་ངང་འགྲུབ་པར་འཇོག་དགོས་ངེས་ཀྱི་བྱས་རྗེས་བཞག་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1