དབུལ་ཐར་གྲུབ་འབྲས་བཟང་པོ་འདིར་བརྟེན་ནས།། ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་བྱེད།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-27


དབུལ་ཐར་གྲུབ་འབྲས་བཟང་པོ་འདིར་བརྟེན་ནས།། ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་བྱེད།།

     སྡེ་དགེ་རྫོང་གིས་དེང་རབས་ཞིང་ལས་གླིང་ཁུལ་གསུམ་བསྐྲུན་པ་དང་། ལྟེ་གནས་ས་ཁུལ་དུ་འདེབས་ཁྱོན་མུའུ3163ལ་ཟིན་ནས་དུད་ཚང3644ཡི་མང་ཚོགས་ལ་སྒོ་རའི་དཔལ་འབྱོར་ལས་ཀ་སྒྲུབ་པར་སྐུལ་སློང་བྱས་ནས། ཉག་ཆུའི་སྟོད་རྒྱུད་ཀྱི་སྤྱི་ལེ་བརྒྱ་ཅན་གྱི་མུའུ་ཁྲི་ལྡན་པའི་སྐྱེ་ལྡན་ཞིང་ལས་ཐོན་ལས་ས་ཁུལ་ཐོག་མ་གྲུབ་པ་རེད། པར་འདི་ནི་མང་ཚོགས་དབུལ་ཕོངས་ཀྱིས་དེང་རབས་ཞིང་ལས་གླིང་ཁུལ་དུ་སྔོ་ཚལ་འདེབས་འཛུགས་ལག་རྩལ་སྦྱོང་བཞིན་པའི་ཚུལ་རེད།

        དབུལ་ཞྭ་ཕུད་ཐུབ་པ་ནི་མཐའ་ཐུག་གི་དམིགས་ཡུལ་མིན་ལ་འབད་འཐབ་གསར་པའི་མགོ་འཛུགས་ས་ཡིན། ད་ལོར་རང་ཁུལ་གྱིས་དུད་ཚང564ཡི་དབུལ་ཕོངས་མང་ཚོགས2191དབུལ་ཐར་བྱ་རྒྱུར་དམིགས་ནས། སེམས་ཐག་གཙང་བཅད་ཀྱིས་དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཕུ་ཐག་ཆོད་ཐུབ་པ་བྱས་ནས། རྒྱལ་ཡོངས་དང་ཞིང་ཆེན་དང་དུས་མཉམ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་ཁག་ཐེག་བྱ་དགོས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཕུ་ཐག་གཅོང་རིང་དུ་སེམས་ཐག་གཙང་བཅད་ཀྱིས་ཏང་དང་མི་དམངས་ལ་གཟི་ཉམས་ཆེན་པོའི་ངང་ཁས་ལེན་བྱས་པའི་ལས་ཀ་ཁ་ཐོག་ལག་བསྟར་བྱེད་ཅིང་། དཀའ་ངལ་གྱི་མདུན་དུ་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་དབུལ་ཕོངས་ཀྱི་མཐའ་མའི་འགག་གནད་ལས་སྒྲོལ་ཐུབ་པ་དང་། བསམ་བློ་དང་བྱ་སྤྱོད་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དུ་གཅིག་གྱུར་ཡོང་བ་བྱས་ཏེ། ཡིད་ཆེས་ཆེར་སྐྱེད་དང་ཆོད་སེམས་བརྟན་པོའི་ངང་ཁྱོན་ཡོངས་ནས་དུས་མཉམ་འབྱོར་འབྲིང་དུ་སླེབས་པར་ཁག་ཐེག་བྱེད་པ་དང་། འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་ཞིང་གྱོང་གུན་ཡོད་ཚད་ཁ་གསབ་རྒྱག་ཐུབ་པ། སྤུས་ཚད་མཐོན་པོའི་ཐོག་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ལེགས་འགྲུབ་ཡོང་བར་བྱས་ནས་ཏང་དང་མི་དམངས་ལ་ཚད་མཐུན་གྱི་རྒྱུགས་ཡིག་ཤིག་སྤྲོད་ཐུབ་པ་བྱ་དགོས།

    ཐོན་ལས་དར་རྒྱས་བྱུང་ནས་དབུལ་པོར་གྱུར་པ་དང་དབུལ་པོར་བསྐྱར་ལོག་གི་འགོག་སྲུང་ར་བ་སྲ་བརྟན་བྱས།

    ལྔ་གཅིག་གུང་གསེང་སྐབས་སུ་ང་ཚོའི་སན་སེ་ཡུལ་མིའི་གནས་ཚང་གི་ཚོང་ཧ་ཅང་བྲིན་པས། སྦྱིན་བདག་གིས་གླ་རག་པ་དང་ང་ཚོའང་དགའ་སྤྲོ་ཧ་ཅང་ཆེ་འདུག སྤྱི་ཟླ5པའི་ཚེས5ཉིན། ལྕགས་ཟམ་རྫོང་རི་མཇུག་གྲོང་རྡལ་མཚོ་གཉིས་གྲོང་སྡེའི་ཡུལ་མི་ཧུའུ་ཐིང་ཧུའེ་ཡིས་དགའ་སྤྲོས་ཁེངས་ནས་དེ་ལྟར་བཤད་པ་རེད།

    ཧུའུ་ཐིང་ཧུའེ་ཡིས་སྔོན་ཆད་ཁོ་ཚོའི་ཁྱིམ་ཚང་ལ་མགོར་ཆགས་ཡོད། ལོ་གཉིས་ཀྱི་སྔོན་དུ་འདམ་རྡོའི་ཆུ་རུད་བྱུང་ནས་མེད་པར་གྱུར། དེ་ནས་ཁོ་ཚང་གིས་བསགས་དངུལ་ཚང་མ་སྤྱད་ཚར་བའི་ཐོག་ད་དུང་བུ་ལོན་ཡང་མང་པོ་བཟོས་ཏེ་སྒྲོམ་གཞི་ཅན་གྱི་ཐོག་ཁང་ཞིག་བསྐྲུན་ཐུབ་སོང་ན་ཡང་ཁང་པའི་ནང་བཅད་བྱེད་དངུལ་རྩད་ནས་མེད་པ་རེད། རི་མཇུག་གྲོང་རྡལ་གྱི་སྦྱིན་བདག་ལི་གོ་ཕེང་གིས་ཧུའུ་ཐིང་ཧུའེ་བཟའ་མི་གཉིས་དང་ཁང་པ་བོགས་གླ་གཏོང་བའི་གྲོས་མཐུན་ཡི་གེ་བཞག་རྗེས། ད་ལྟའི་སན་སེ་ཡུལ་མིའི་གནས་ཚང་འདི་བཙུགས་ནས་ཕྱོགས་གཉིས་ཀས་ལོ10རིང་གི་གན་རྒྱ་བཞག་པ་དང་། ལོ་དང་པོར་ཁང་གླ་སྒོར་ཁྲི6ཡིན་པ་དང་རྗེས་མ་ལོ་རེར་ཁང་གླ་སྒོར3000རེ་སྤར་རྒྱུ་རེད།

ཧུའུ་ཐིང་ཧུའེ་བཟའ་མི་གཉིས་ཀྱིས་སན་སེ་ཡུལ་མིའི་གནས་ཚང་དུ་སྡོད་ས་བཞག་ཡོད་ཅིང་ད་དུང་དེར་གླ་བརྒྱབ་ནས་ཟླ་བ་རེར་གླ་ཕོགས་སྒོར3000རེ་རག་ཐུབ་ཀྱི་ཡོད། གཟའ་མཇུག་དང་གུང་གསེང་དུས་སུ་ཆུ་ཚོད8ལས་བརྒལ་བའི་ལས་ཀ་བསྒྲུབ་ན་ད་དུང་ཁ་གསབ་སྦྱིན་རྒྱུ་ཡོད། ལོ་རེར་སྲེའུ་དམར་པོ་བཙོངས་ནས་ཡོང་འབབ་སྒོར6000ལྷག་རག་ཐུབ། དུས་མཉམ་དུ་ཧུའུ་ཐིང་ཧུའེ་ཡིས་ད་དུང་རང་གི་འབྲས་ཤིང་ལྡུམ་ར་དེ་ལོ་རེར་རིན་གོང་སྒོར1500བྱས་ཏེ་ཡུལ་མིའི་གནས་ཚང་ལ་བོགས་གླ་བཏང་བ་རེད།

སྦྱིན་བདག་གིས་ང་ཚོར་ཡག་པོ་བྱས་ཏེ་ཡོང་འབབ་བརྟན་པོ་ཡོད་འདུག ད་ལོར་སྔོན་གྱི་ཟླ་བ་གསུམ་གྱི་ཚེ་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་ནས་ང་རང་ལས་གནས་སུ་ཕྱིན་མེད་ནའང་སྦྱིན་བདག་གིས་ད་དུང་ང་ཚོར་ཟླ་རེར་འཚོ་དངུལ་སྒོར1000སྤྲད་པ་རེད། ངའི་ཁྱོ་ག་ཕྱི་ཕྱོགས་སུ་གླ་རྒྱག་སར་ཕྱིན་ནས་ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི་བཅུ་ཉི་ཤུ་རག་ཐུབ་པ་ནི་སེམས་ཁྲལ་བྱ་མི་དགོས་པ་རེད། སང་ལོར་བུ་ལོན་ཡོངས་རྫོགས་འཇལ་ནས་འཚོ་བ་སྐྱིད་པོ་རོལ་ཐུབ་རྒྱུ་རེད་ཅེས་ཧུའུ་ཐིང་ཧུའེ་ཡིས་དེ་ལྟར་བཤད།

དཔྱིད་དཔལ་རྒྱས་པའི་དུས་འབའ་ཐང་རྫོང་སོ་བ་ནང་ཡུལ་ཤོག་འུག་མདའ་ལུང་གྲོང་སྡེའི་ཡུལ་མི་རྡོ་རྗེས་སྟར་སེ་ཤིང་སྡོང་ལ་བལྟས་ནས་སེམས་པ་དགའ་ལྷང་ལྷང་དུ་འདུག སྟར་ཀ་དང་སེ་འབྲུའི་ཤིང་སྡོང་འདི་དག་དུས་ཡུན་མི་རིང་བར་གྲོང་མིའི་ཡོང་འབབ་འཚོལ་ཁུངས་སུ་འགྱུར་ངེས་རེད།

     དུད་ཚང་རེས་མུའུ1ནས2བར་གྱི་རོང་ཁུལ་སེ་པན་བཙུགས་ནས་ཡོང་འབབ་སྒོར་ཁྲི2ནས4ཙམ་དང་། རྩྭ་འདེབས་པ་དང་། སྦྲང་བུ་དང་ནོར་ཟོག་གསོ་ཚགས་བྱས་ནས་ཡོང་འབབ་སྒོར་ཁྲི1ཙམ། དུད་ཚང་རེས་སྟར་ཀ་བཙུགས་ནས་ཡོང་འབབ་སྒོར1000ཙམ་བཅས་རག་ཐུབ་པ་རེད་ཅེས་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཐུབ་བསྟན་གྱིས་དེ་ལྟར་བཤད་པ་རེད། འུག་མདའ་ལུང་གྲོང་སྡེས་མུའུ2000ལྡན་པའི་རྟེན་གཞི་གསར་བསྐྲུན་བྱ་རྒྱུ་དང་། ཐོན་ཚད་དམའ་བའི་ས་ཞིང་མུའུ5000ལ་སོན་བཟང་འདེབས་པ་དང་ཞིང་མུའུ400ཡི་སྟར་སོན་བསྒྱུར་ཅིང་། ཁུལ་ནགས་ལས་ཚན་རིག་ཞིབ་འཇུག་ཁང་དང་སྟར་ཀའི་དཔེ་སྟོན་ལྡུམ་རའི་ཡུན་རིང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས། གྲོང་སྡེ་ཡོངས་ཀྱི་ཐོན་ལས་འབེལ་པོ་གྱུར་ནས་མང་ཚོགས་འབྱོར་འབྲིང་ལམ་དུ་སྐྱོད་ལ་ཉེ་བ་རེད་ཅེས་སོ་བ་ནང་ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་ཀྲང་དབྱི་ཞིན་གྱིས་དེ་ལྟར་བཤད་པ་རེད།

     བསྡོམས་རྩིས་བྱས་པར་གཞིགས་ན། དུས་ཚིགས་དང་པོར་རང་ཁུལ་གྱི་ཞིང་ལས་ཐོན་སྐྱེད་བརྟན་ཞིང་འཕར་སྣོན་བྱུང་བ་དང་འབྲུ་རིགས་ཀྱི་ཐོན་བབ་ཡག་པ་རེད། ད་ཆ་ཁུལ་ཡོངས་ཀྱི་དཔྱིད་རྨོད་ལས་ཀ་ཏན་ཏིག་སྤེལ་ནས་དཔྱིད་སྨིན་ལོ་ཏོག་སྐྱེ་ཚུལ་ན་ལོ་ལས་ཡག་པ་རེད། དཔྱིད་སྨིན་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང7832ཡིན་པས་བརྒྱ་ཆ2.2འཕར་བ་དང་། ནོར་ཕྱུགས་སྣ་ཚོགས་མགོ་གྲངས་ཁྲི22.49བཤས་ཁོངས་སུ་བཏང་ནས་བརྒྱ་ཆ6.2འཕར་བ། ཤ་རིགས་སྤྱིའི་ཐོན་ཚད་ཏུན22480ཡོད་པས་བརྒྱ་ཆ5.7འཕར་བ། ཟོག་འོ་ཐོན་ཚད་ཏུན3921ཡོད་པས་བརྒྱ་ཆ18.3འཕར་བ། བྱ་སྒོང་ཐོན་ཚད་ཏུན77ཡོད་པས་བརྒྱ་ཆ10འཕར་བ། ཁུལ་ཡོངས་ཀྱི་ཞིང་ནགས་ལས་དང་འབྲོག་ལས། ཉ་ལས་སོགས་ཀྱི་ཐོན་ཚད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར5.47ཡོད་པས་བརྒྱ་ཆ3.1འཕར་ཡོད་པ་རེད།

    རིམས་ནད་ཀྱིས་ཤུགས་རྐྱེན་ཁྱད་བསད་བྱས་ཏེ་ལས་མགོ་བསྐྱར་འཛུགས་དང་ཐོན་སྐྱེད་བསྐྱར་གསོའི་ལས་ཀ་མྱུར་དུ་བསྒྲུབས་ནས་གྱོང་གུན་ཉུང་དུ་གཏོང་ཆེད། རང་ཁུལ་གྱིས་གནས་མཆོག་དཀར་མཛེས་ཀྱི་ཨ་རག་དང་། ཤ། འབྲུ། བཟའ་སྣུམ། ཆུ། སིལ་ཏོག ཇ། ཤ་མོ། སྨན་བཅས་ཁྱད་ཆོས་ཐོན་ལས་ཆེན་པོ10མཉམ་འབྲེལ་འཕེལ་རྒྱས་བཏང་བའི་ཐོག དེང་རབས་ཞིང་ལས་ཀྱི་འདེབས་འཛུགས་ལས་རིགས་དང་། སྲོ་སྐམ་དང་འཁྱག་བཟོའི་འཁོར་འབྲེལ་ཟོང་འགྲུལ་ཏེ། སྔོན་ཁྲིད་རང་བཞིན་གྱི་ཀ་སྐྱོར་ཐོན་ལས་གཉིས་བསྣན་ནས་སྲ་བརྟན་གཏོང་ཞིང་། མུའུ་བརྒྱ་ཡི་ཁྱད་ལྡན་ཞིང་ལས་ཐོན་ལས་རྟེན་གཞི་གཉིས་དང་དབུལ་ཐར་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པའི་སྤྱི་ལེ་བརྒྱ་ཅན་གསུམ་གྱི་ལྗང་མདོག་སྐྱེ་ཁམས་ཞིང་འབྲོག་དང་ནགས་ལས་ཐོན་ལས་ས་ཁུལ་བསྐྲུན་རྒྱུ་སྐུལ་འདེད་གཏོང་བ་དང་། གླིང་ཁུལ་གྱི་གཞི་སྟེགས་ནུས་པ་འབུར་དུ་ཐོན་ནས་ཐོན་ལས་མ་ལག་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། ཁུལ་ཡོངས་ཀྱི་དེང་རབས་ཞིང་ལས་ལྡུམ་ཁུལ་འཛུགས་སྐྲུན་བྱེད་པའི་མ་ལག་འཛུགས་སྐྱོང་དང་། ཞིང་ཆེན་གྱི་སྐར་རྟགས་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ7དང་། ཁུལ་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ16གསོ་སྤེལ་བྱས་པ་རེད།

    དབུལ་ཐར་འགག་སྒྲོལ་གྱི་ལས་མཇུག་ཡག་པོ་འཁྱོངས་ནས་གྲོང་སྡེ་དར་རྒྱས་གཏོང་བའི་རྨང་གཞི་སྲ་བརྟན་གཏོང་།

    སྤྱི་ཟླ་གསུམ་པའི་ཟླ་དཀྱིལ་དུ་རིམས་ནད་ཀྱི་གནས་ཚུལ་ཚོད་འཛིན་ནུས་ལྡན་བྱུང་རྗེས། བརྒྱད་ཟིལ་རྫོང་གིས་རིམ་བཞིན་ལས་མགོ་བསྐྱར་འཛུགས་དང་ཐོན་ལས་བསྐྱར་བྱེད་ཀྱི་ལས་ཀར་སྐུལ་འདེད་བཏང་བ་རེད། ཁེ་རྡོ་གྲོང་རྡལ་རྒྱ་པ་གྲོང་གི་ཚེ་རིང་རྡོ་རྗེ་གྲོང་སྡེའི་ཨུ་ལྷན་དུ་ཕྱིན་ནས་བདེ་ཐང་དཔང་ཡིག་བླངས་རྗེས་བཟའ་ཟླ་གཉིས་བོད་ལྗོངས་ཆབ་མདོར་གླ་རྒྱག་སར་འགྲོ་བ་ཐག་བཅད་པ་རེད། ལོ་འདི་ཤས་རིང་ཚེ་རིང་རྡོ་རྗེ་བཟའ་མི་གཉིས་ཀྱིས་བོད་ལྗོངས་སུ་ཨར་ལས་འགན་གཙང་ལེན་བྱ་རྒྱུ་དང་གླ་བརྒྱབ་ནས་ལོ་རེར་ཡོང་འབབ་སྒོར་ཁྲི20ལྷག་རག་གི་ཡོད། མི་གཉིས་ཀྱིས་གླ་བརྒྱབ་ནས་ཉིན་རེར་སྒོར600དང་ཨར་ལས་འགན་གཙང་ལེན་བྱས་ནས་ཆ་སྙོམས་ཉིན་རེར་སྒོར1000ལྷག་རག་ཐུབ་ཀྱི་ཡོད། ཁོ་ཚང་གི་བུ་གཅིག་ནི་དམིགས་འཛུགས་སློབ་མ་ཡིན་པ་དང་བུ་ཅིག་ཤོས་མཐོ་འབྲིང་དུ་སློབ་སྦྱོང་བྱེད་བཞིན་ཡོད། ཁོ་ཚང་གིས་བརྒྱད་ཟིལ་རྫོང་གི་རྫོང་མཁར་དུ་སྡོད་ཁང་ཉོས་པ་རེད།

    ཐོལ་བྱུང་གི་ཏོག་གསར་གློ་རིམས་ཀྱིས་ཞིང་འབྲོག་མང་ཚོགས་ལས་ཞུགས་ལ་ཤུགས་རྐྱེན་བཟོས་པའི་དཀའ་ངལ་ཁྱད་བསད་བྱས་ནས། ཡོང་འབབ་བརྟན་པོ་ཡོང་བར་རོགས་རམ་བྱ་ཆེད། གསེར་ཐར་རྫོང་དང་དེའི་ཁ་གཏད་རོགས་འཛུགས་བྱེད་མཁན་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ས་ཁུལ་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་གསེར་ཐར་རྫོང་གི་ཞིང་འབྲོག་མང་ཚོགས་ལས་ཞུགས་དང་ཡོང་འབབ་འཕར་བར་མཐོང་ཆེན་བྱས་ནས། ཁ་གཏད་རོགས་སྐྱོར་བྱེད་སར་མི་སྣ་ཆེད་མངག་བྱས་ཏེ་འབྲེལ་མཐུད་ལས་ཀ་སྒྲུབ་པ་དང་མི་སྤྱོད་ཁེ་ལས་ལ་ལྟ་སྐོར་བྱས། ཁེ་ལས་ཀྱི་ལས་བཟོ་དང་གསེར་ཐར་རྫོང་གི་དོན་དངོས་ལ་དམིགས་ནས་ཁེ་ལས་ཀྱི་ལས་བཟོའི་སེམས་ཁྲལ་སེལ་ཐབས་བྱས་པ་དང་ཞིང་འབྲོག་མི་དམངས་དང་འཕྲོད་པའི་ལས་གནས་འཚོལ་བ། ཝུན་ཅང་ཆུས་ཐེན་ཧྥུ་ཁྲོམ་ལམ་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཝུན་ཅང་བོད་སྐྱོར་ལས་སྒྲུབ་དཔུང་སྡེ་དང་འབྲེལ་ཡོད་ཁེ་ལས་ཀྱིས་གསེར་ཐར་དང་འཕྲོད་པའི་ལས་གནས30ལྷག་བཀོད་སྒྲིག་ཧུར་ཐག་བྱས་པ་རེད།

    དགོས་མཁོས་སྐུལ་ཁྲིད་བྱེད་ཅིང་བྱང་ཚད་སློབ་གསོ་དང་འབྲེལ་ནས། ཁྱིམ་ཚང་དབུལ་ཕོངས་ཀྱི་ནུས་རྩལ་སྦྱོང་བརྡར་ཡོངས་སུ་ཁེབས་ཐུབ་པ་དང་ལོ16ནས18བར་གྱི་སློབ་ཤོར་དང་ལོ་ན་མ་སོན་པའི་ངལ་རྩོལ་མི་ལག་ལ་ནུས་རྩལ་སྦྱོང་བརྡར་གྱི་བྱེད་སྒོ་སྤེལ་ནས། ངལ་རྩོལ་མི་ལག་དབུལ་ཕོངས4200སྦྱོང་བརྡར་བྱས། ཉག་ཆུའི་སྟོད་རྒྱུད་ཀྱི་རྫོང4ཡི་ཤིན་ཏུ་དབུལ་ཕོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་གྱི་ངལ་རྩོལ་མི་ལག་དབུལ་ཕོངས800གསོ་སྦྱོང་བྱས། སི་ཁྲོན་ཞིང་ཆེན་ལས་རིགས་ནུས་རྩལ་མཐོར་འདེགས་གཏོང་བའི་དྲྭ་ཐོག་སྦྱོང་བརྡར་ལས་སྟེགས་དཀར་མཛེས་ཡན་ལག་སློབ་གླིང་བཙུགས་ནས། ཐོན་སྐྱེད་བཟོ་སྐྲུན་དང་བཟའ་བཅའ་ཞབས་ཞུ་སོགས་ཆེད་ལས84ལ་ཁེབས་པ་དང་། སློབ་ཚན1686ཡོད་པས་ཁེ་ལས་དང་མང་ཚོགས་ལ་མ་སྐུལ་དང་བླངས་ངང་ནུས་རྩལ་སྦྱོང་བརྡར་ནང་ཞུགས་པར་སྐུལ་སློང་བྱས་པ་རེད། ད་བར་དུ་ཁེ་ལས9དྲྭ་ཐོག་སྦྱོང་བརྡར་ནང་ཞུགས་རྒྱུ་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་མི་གྲངས365སྦྱོང་བརྡར་ནང་ཞུགས་པ་རེད།

     ལས་གནས་བཀོད་ནས་ཡོང་འབབ་བརྟན་པོར་བཏང་། ཀོང་ཏུང་ཞིང་ཆེན་དང་ཁྲེང་ཏུའུ་གྲོང་ཁྱེར་སོགས་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་ཁྲེང་ཏུའུ་དང་དཀར་མཛེས། དཀར་མཛེས་དང་མེ་ཧྲན་གྱི་བཟོ་ལས་གླིང་ཁུལ་བར་རྒྱུན་ལྡན་དང་ཕན་ཡུན་རིང་བའི་ལས་གནས་མཁོ་སྤྲོད་དང་དགོས་མཁོའི་བར་གྱི་འབྲེལ་མཐུད་ནང་རྐྱེན་འཛུགས་གཉེར་བྱས་པ་དང་། དཀར་མཛེས་ཁུལ་གྱི་སྤྱི་པའི་གདན་ཞུ་དྲ་བ་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས། ཆེད་དོན་གདན་ཞུའི་གྲོས་ཚོགས་ཆེ་གྲས་ཐེངས20འཚོགས་པ་དང་། རྒྱུན་ལྡན་རང་བཞིན་གྱི་ལས་གནས་གྲོང་གསེབ་ཏུ་བཀོད་པ་སོགས་སྤྱི་པའི་གདན་ཞུའི་བྱེད་སྒོ་སྤེལ་ནས། ངལ་རྩོལ་མི་ལག་དབུལ་ཕོངས6000སྤོ་བསྒྱུར་ལས་ཞུགས་ཐུབ་པར་བརྩོན་ལེན་བྱས། སྐྱེ་ཁམས་སྲུང་སྐྱོང་དང་སྤྱི་པའི་འཕྲོད་བསྟེན་འགོག་སྲུང་སོགས་ལས་ཀའི་དགོས་མཁོ་དང་འབྲེལ་ནས། སྐྱེ་ཁམས་ནགས་སྐྱོང་པ་དང་རིམས་འགོག་པ་སོགས་སྤྱི་ཕན་ལས་གནས25350གསར་སྦོལ་བྱས། སྤྱི་ཕན་ལས་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་གཅིག་ལས་ཞུགས་ཐུབ་ན་དུད་ཚང་གཅིག་དབུལ་ཐར་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་། ཡིག་ཚགས་དང་བྱང་བུ་བཟོས་པའི་མང་ཚོགས་དབུལ་ཕོངས21861 སྐྱེ་ཁམས་ནགས་སྐྱོང་དང་རྩྭ་སྐྱོང་པར་བདམས་སྤྱོད་བྱས་ནས། མང་ཚོགས་དབུལ་ཕོངས་མི་རེར་ཡོང་འབབ་སྒོར5672མངོན་འགྱུར་བྱུང་། དབུལ་ཐར་འགག་སྒྲོལ་གྱི་ནགས་སྐྲུན་མཉམ་ལས་ཁང48གསར་དུ་བསྣན་པ་དང་། རིམ་རྩིས་ཀྱིས་མཉམ་ལས་ཁང153བསྐྲུན་ཡོད། མི་སེར་དབུལ་ཕོངས5536བསྡུ་ལེན་བྱས་ནས་ནགས་སྐྲུན་གྱི་ལས་འགན་མུའུ་ཁྲི31.95དང་ལེན་བྱས་ཏེ་མི་རེར་ངལ་ལས་ཡོང་འབབ་སྒོར3279མངོན་འགྱུར་བྱུང་བ་རེད།

ཐོན་ལས་འཕེལ་རྒྱས་བཏང་ནས་འགྲིམ་འགྲུལ་སྔོན་དུ་སྤེལ། ད་ལོར་རང་ཁུལ་གྱིས་འཆར་གཞི་ལྟར་སྤྱི་ཚོགས་ཡོངས་ཀྱི་འགྲིམ་འགྲུལ་གྱི་བརྟན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར110ཡན་ལ་གཏང་རྒྱུ་དང་། རྫོང(གྲོང་ཁྱེར)གི་ཤར་གཏོང་ཐུབ་པ་གཉིས་ཀྱི་དམིགས་ཡུལ་ལས་འགན་དེ་ད་ལོའི་སྤྱི་ཟླ6པའི་ཚེས30སྔོན་ལ་ལེགས་འགྲུབ་ཡོང་རྒྱུ་བྱས་ནས་རྒྱལ་ཁབ་རིམ་པའི་ཞིབ་བཤེར་རྩིས་ལེན་ཡག་པོ་བྱ་རྒྱུ། རྒྱུན་མཐུད་དེ་གཙོ་གནས་ལས་གཞི་འཛུགས་སྐྲུན་མགྱོགས་མྱུར་བྱས་ནསG4218པའི་ལམ་ཐིག་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་ཀྱི་ལས་གཞི7གསར་དུ་ལས་མགོ་འཛུགས་རྒྱུ། དར་མདོའི་ས་མཚམས་བརྒལ་བའི་མྱུར་བགྲོད་གཞུང་ལམ་སོགས་རྒྱུན་མཐུད་འཛུགས་སྐྲུན་ལས་གཞི26སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས་ལམ་ངོས་སྤྱི་ལེ769འཛུགས་སྐྲུན་གྲུབ་པ་བྱ་རྒྱུ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོ་ཆེ་འབྲིང་ཉམས་གསོ་དང་སྔོན་འགོག་རང་བཞིན་གྱི་གཞུང་ལམ་སྤྱི་ལེ461བདག་སྐྱོང་བྱ་རྒྱུ། ཡུལ་སྐོར་དང་ཐོན་ལས་ལམ་བུ་སོགས་ཞིང་སྡེའི་གཞུང་ལམ་གྱི་ལས་གཞི་སྤྱི་ལེ120བསྐྲུན་རྒྱུ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོ་སྟེ་ཁྲོན་བོད་ལྕགས་ལམ་གྱི་ལེ་ལག་ཆ་འགྲིག་ཨར་ལས་རིམ་སྤར་བསྒྱུར་བཀོད་ཀྱི་གཞུང་ལམ་སྤྱི་ལེ58དང་། ཟམ་པ235སྲ་བརྟན་གཏང་རྒྱུ། གངས་འཁྱགས་གཞུང་ལམ་བར་གྱི་རླངས་འཁོར་འཇོག་ས4བཅས་ཀྱི་འཛུགས་སྐྲུན་ལས་གཞི་སྐུལ་འདེད་ཇེ་མགྱོགས་སུ་གཏང་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1