གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༧ཉིན།

མུན་ནག་ལ་འོད་སྣང་བསྐྱལ། མི་སེམས་ལ་དྲོལ་ཁོལ་སྦྱིན།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་མིག་དམར་རྒོད་སྐྱེས་ལགས་ཀྱི་སེམས་གཏམ།

          རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་མིག་དམར་རྒོད་སྐྱེས་ལགས་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གཞིས་ཀ་རྩེ་གློག་འདོན་ཀུང་སིའི་གློག་སྒྲིག་མྱུར་སྐྱོབ་འཛིན་གྲྭའི་འཛིན་དཔོན་གཞོན་པ་རེད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས་ཁོང་གིས་གཞིས་རྩེའི་མང་ཚོགས་དང་ལྷག་པར་དུ་གློག་འདོན་མི་སྣ་ཡོངས་ཀྱི་སེམས་གཏམ་ཁྱེར་ནས་ཐེངས་འདིའི་ཚོགས་ཆེན་དུ་ཞུགས་པ་རེད།
          ཟླ་5པའི་ཚེས་23ཉིན། མི་དམངས་འཐུས་མི་མིག་དམར་རྒོད་སྐྱེས་ལགས་ཀྱིས་ངེད་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པའི་དྲ་ལམ་བཅར་འདྲི་དང་ལེན་གནང་ཞིང་། ཁོང་གིས་གསར་འགོད་པར།  “ཏང་དང་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་ཁྲོད་བདམས་ཐོན་བྱུང་བའི་འཐུས་མི་ཞིག་གི་ངོས་ནས་བརྗོད་ན། དེ་ནི་བླ་ན་མེད་པའི་གཟི་བརྗིད་ཅིག་ཡིན་ལ་ཤིན་ཏུ་ལྕི་བའི་འགན་འཁྲི་ཞིག་ཀྱང་རེད། འོན་ཀྱང་ངས་འགན་འཁྲི་ཕྲག་ཏུ་ཁུར་ནས་གོ་ཆོད་པར་བྱ་ངེས་ཡིན”ཞེས་འཛུམ་དམུལ་དམུལ་ངང་གསུངས་སོང་།
 
འདི་ནི་མིག་དམར་རྒོད་སྐྱེས་ལགས་(གཡས)ཀྱིས་ངེད་དྲ་བའི་དྲ་ལམ་བཅར་འདྲི་དང་ལེན་བྱེད་བཞིན་པ། 
          ལོ་སྔོན་མའི་ཚོགས་ཆེན་གཉིས་ཀྱི་ཐོག་ཏུ་ཕུལ་བའི་གྲོས་ཞིབ་ཀྱི་སྐོར་གླེང་སྐབས། ཁོང་གིས་གཞིས་རྩེའི་ནུབ་རྒྱུད་ཀྱི་རྫོང་བཞི་སྟེ། འབྲོང་པ་རྫོང་དང་། ས་དགའ་རྫོང་། སྐྱིད་རོང་རྫོང་། གཉའ་ལམ་རྫོང་། དེ་མིན་མངའ་རིས་ས་ཁུལ་ཁྱོན་ཡོངས་སུ་རྒྱལ་ཁབ་གློག་དྲ་ཁྱབ་པར་བྱ་རྒྱུའི་རེ་བ་ཞུས། 2019ལོའི་ཟླ་8པའི་ཚེས་10ཉིན། དེའི་ལན་དུ་“ཏང་དང་རྒྱལ་ཁབ་ཀྱིས་བོད་ལྗོངས་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ཡོད་པ་དང་། དྲ་སྦྲེལ་ལས་གྲྭ་དེ་རིང་ནས་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན”ཞེས་ཏེ་མང་ཚོགས་ལ་དགའ་སྤྲོ་རབ་ཏུ་འཕེལ་བར་འཇུག་པའི་ལན་ཞིག་འབྱོར། དྲ་སྦྲེལ་ལས་གྲྭ་དེར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་74བཏང་ཞིང་། དེས་གཞིས་རྩེའི་ནུབ་རྒྱུད་ཀྱི་ས་ཆ་དང་མཐའ་སྲུང་དཔུང་སྡེ་དག་ཏུ་གློག་མེད་པའམ་གློག་དཀོན་པའི་གནད་དོན་ཐག་གཅོད་བྱས་པ་རེད།
 
འདི་ནི་མིག་དམར་རྒོད་སྐྱེས་ལགས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་གྲ་སྒྲིག་གནང་བཞིན་པ།
 
མིག་དམར་རྒོད་སྐྱེལ་ལགས་ཀྱིས་འཐུས་མི་གཞན་དང་མཉམ་དུ་མི་དམངས་ཚོགས་ཁང་ཆེན་མོའི་མདུན་དུ་བླངས་པའི་དྲན་རྟེན་འདྲ་པར།
          འདས་ཟིན་པའི་གློག་འདོན་ལས་ཞུགས་ཀྱི་ལོ་ངོ་23ལ་ཕྱིར་དྲན་བྱེད་སྐབས། མིག་དམར་རྒོད་སྐྱེས་ལགས་ཀྱིས་ཆེས་བརྗེད་པར་དཀའ་བ་དང་བག་ཆགས་ཟབ་ཤོས་ཀྱི་ལས་དོན་ནི།  ལྷ་རྩེ་རྫོང་དང་རྒྱལ་རྩེ་རྫོང་གི་ས་ཆ་ཁག་ལ་གློག་འཐེན་དུ་འགྲོ་དུས་སུ་ཡུལ་དེའི་རྒན་རབས་པ་རྣམས་ཀྱིས་ང་ཚོའི་རིང་ལ་གློག་འོད་འོག་འཚོ་བ་བསྐྱལ་རྒྱུ་ཕར་ཞོག ང་ཚོའི་བུ་རབས་ཀྱི་རིང་ལའང་གང་ནས་ཡོད་སྲིད་ཅེས་མགོ་བོ་གཡུགས་གཡུགས་ངང་ཡིད་མི་ཆེས་པའི་རྣམ་འགྱུར་བསྟན་མྱོང་ཞིང་། སྐབས་དེ་དུས་སུ་ཁྱིམ་ཚང་རེ་རེའི་ནང་དུ་སྣུམ་ཞུ་ལས་མེད་དོ། །  
          2010ལོའི་ཟླ་6པ་ནས་བཟུང་སྟེ་མིག་དམར་རྒོད་སྐྱེས་ཀྱིས་རུ་མི་རྣམས་དང་མཉམ་དུ་ལྷ་རྩེ་རྫོང་ལ་གློག་ལམ་གྱི་རི་མོ་བྲིས་ནས་གློག་སྐུད་འཐེན་པ་སོགས་བྱས་ཏེ་ཕྱོགས་ཡོངས་ནས་གློག་འདོན་པའི་ལས་ཀའི་འགོ་བཙུགས་ཤིང་། ལོ་དེའི་ཟླ་9པར་ཁྱིམ་ཚང་ཡོངས་སུ་གློག་གི་འོད་སྣང་ལྡན་པར་བྱས་པས། ཡུལ་གྲུ་སོ་སོའི་མཚན་མོར་གནམ་ལ་སྐར་འོད་ཆེམ་ཆེམ་དང་ས་རུ་གློག་འོད་ཆེམ་ཆེམ་བྱེད་པའི་རྣམ་པ་བྱུང་། དེ་ནས་བགྲེས་པོ་རྣམས་ཧང་སང་བའི་ངང“ཁྱེད་ཚོས་གློག་མེད་པའི་གནད་དོན་དུས་ཡུན་ཐུང་ངུའི་ནང་དུ་འགྱུར་ལྡོག་བྱུང་དུ་བཅུག་སོང”ཞེས་དགའ་སྤྲོའི་མཐེ་བོང་བསྒྲེང་ནས་ཁོ་ཚོར་བསྔགས་བརྗོད་ཡང་ཡང་བྱས། 

མིག་དམར་རྒོད་སྐྱེས་ལགས་ཀྱིས་གློག་འདོན་ལས་ཀ་བྱེད་པའི་རྣམ་པ།
 
གྲོ་མོའི་མཐའ་མཚམས་ཀྱི་དམག་དཔུང་བཅའ་སྡོད་ཁུལ་དུ་གློག་འཐེན་བཞིན་པ།
          སྔོན་ཆད་བོད་ལྗོངས་གཞིས་ཀ་རྩེའི་ས་ཆ་མང་པོ་ཞིག་ཏུ་གཙང་འགྲམ་དུ་སོང་ནས་གོས་འཁྲུད་པ་དང་། མཚན་མོ་རེ་རེར་གསལ་ལ་མི་གསལ་བའི་སྣུམ་ཞུའི་འོད་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་རེད། འོན་ཀྱང་ད་ལྟ་གློག་འཐེན་པས་སྔོན་དང་བསྡུར་ན་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་དེ། ད་ལྟ་ཁྱིམ་དུ་གོས་འཁྲུད་འཕྲུལ་ཆས་ཡོད་པ་དང་། དཀར་ཆ་དོད་པའི་གློག་འོད་ཀྱི་འོག་ཏུ་ཚོན་ལྡན་བརྙན་འཕྲིན་ལ་ལྟ་རྒྱུ་ཡོད། མདོར་ན་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་གློག་ཆས་སྣ་ཚོགས་བེད་སྤྱོད་རྒྱུ་ཡོད་པས། མི་དམངས་ཀྱི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པ་དང་དམངས་སེམས་ལ་དྲོ་སྐྱིད་ཚད་མེད་སྦྱིན་ཡོད།
          ལོ་འདི་དག་གི་རིང་གི་གློག་ཤུགས་མཁོ་འདོན་ཐད་ཀྱི་གྲུབ་འབྲས་གླེང་སྐབས། མིག་དམར་རྒོད་སྐྱེས་ལགས་ཀྱིས་བློ་རྩ་བརྟན་པོའི་ངང“རྒྱལ་རྩེར་ལས་ཀར་ཞུགས་མ་ཐག་ནས་ད་ལྟའི་བར་དུ། གློག་ཤུགས་འདོན་ཚད་དེ་ཐོག་མའི་སྟོང་ཧྥུ་35ནས་སྟོང་ཧྥུ་110དང་། དེ་ནས་རིམ་བཞིན་སྟོང་ཧྥུ་220ལ་འཕར་སྣོན་བྱུང་བ་དང་། སླད་ཕྱིན་སྟོང་ཧྥུ་500ཡི་གློག་ཤུགས་འདོན་ཐུབ་རྒྱུའི་རེ་བ་ཡོད”ཅེས་གསར་འགོད་པར་ལན་བཏབ།
          ད་ལྟ་བོད་ལྗོངས་དེ་ཉིན་རེ་བཞིན་འཕོ་འགྱུར་བྱུང་དང་འབྱུང་བཞིན་ཡོད་པ་དང་། 2019ལོར། བོད་ལྗོངས་སུ་གློག་ཤུགས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱིས་གློག་འདོན་ཚད་སྟོང་ཧྥུ་ཁྲི་26.6ཟིན་པ་དང་། གློག་འདོན་ཚད་23.7%འཕར་ཡོད་ལ། ཕྱི་སྐྱེལ་གློག་ཚད་ཀྱི་འཕར་ཚད་90%ལས་བརྒལ་ཡོད་ཅིང་། གློག་ཤུགས་བྱ་གཞག་མེད་པ་ནས་ཡོད་པ། ཕྱི་གློག་ནང་འདྲེན་ནས་གློག་ཕྱིར་གཏོང་བཅས་ཀྱི་བྱ་བའི་གོ་རིམ་དུ།  མིག་དམར་རྒོད་སྐྱེས་ལགས་ནི་ལོ་རྒྱུས་ཀྱི་དཔང་པོ་ལྟ་བུར་གྱུར་ཡོད། 
          དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་ཚེ། གློག་ནི་མེད་དུ་མི་རུང་བའི་རྨང་གཞིའི་ཆ་རྐྱེན་ཞིག་རེད། དེས་མང་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་གོང་འཕེལ། མི་རིགས་མཐུན་སྒྲིལ་སོགས་གང་ཅིའི་ཐད་གལ་འགངས་ཤིན་ཏུ་ཆེ། “རང་ཉིད་གློག་འདོན་མི་སྣ་ཞིག་ཡིན་པའི་ངོས་ནས་གློག་བརྟན་པོ་ཡོང་རྒྱུ་འགན་ལེན་བྱས་ནས་དབུལ་མཐར་གྱི་སྣེ་ཁྲིད་པའི་ནུས་པ་འདོན་དགོས་”ཞེས་གསུངས། 
 
གློག་འདོན་ལས་ཀ་བྱེད་བཞིན་པ།
          དེ་མིན། ད་ལོ་ནི་མེས་རྒྱལ་གྱི་ས་ཕྱོགས་གང་སར་ཏོག་གསར་གློ་ཚད་རིམས་ནད་ལ་འཐབ་རྩོད་བྱེད་པའི་དམིགས་བསལ་གྱི་ལོ་ཞིག་ཡིན་ཞིང་། བོད་ལྗོངས་ཀྱི་ས་ཆ་གང་སར་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་འབད་པ་ཆེན་པོས་རིམས་ནད་སྔོན་འགོག་གི་ལས་ལ་བྲེལ་བ་དང་། གློག་འདོན་ལས་དོན་མི་སྣ་རྣམས་ཀྱང་དེ་ལས་མ་འདས་སོ། །“ངས་དང་པོར་རིམས་ནད་བྱུང་བའི་གནས་ཚུལ་ཐོས་དུས་སུ། ང་ཚོའི་རུ་ཁག་གི་ལས་བྱེད་མི་སྣ་ཡོངས་ཀྱིས་འཕྲལ་མ་ཉིད་དུ་ཀུང་སི་ལ་རིམས་ནད་འགོག་པའི་འཐབ་ས་དང་པོར་བསྐྱོད་རྒྱུའི་རེ་བ་ཞུས་པ་ཡིན།” ཀུང་སིས་འཕྲལ་མར་རིམས་ནད་ལ་ཁ་གཏད་འཇལ་བའི་འཕྲལ་སྡོམ་གློག་སྲུང་ལས་དོན་གྱི་ཇུས་གཞི་བཏོན་པ་དང་།  ཁོང་རུ་དཔོན་ཡིན་པའི་ཆ་ནས་རང་ཉིད་ཀྱི་འདོར་ཐབས་མེད་པའི་འགན་འཁྲི་ཕྲག་ཏུ་ཁུར་ནས་འཐབ་ས་དང་པོར་བསྐྱོད་ཅིང་། ཁྱིམ་མི་རྣམས་ཀྱིས་ཀྱང་ཁོང་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་ཡོད་ཚུལ་གསུངས། 
          རིམས་འགོག་བྱེད་པའི་རིང་ལ་གློག་སྲུང་ས་ཚིགས་གཙོ་བོ་8དང་། གློག་སྐུད་22བཅས་ཀྱིས་གློག་འདོན་པར་འགན་ལེན་བྱས་པ་དང་། གཞིས་རྩེའི་རིམས་འགོག་ས་ཚིགས་35ལ་རས་གུར་དང་གློག་ལེན་ས་ཚིགས་ཁ་ཤས་ཀྱི་གློག་འགན་ལེན་བྱས་པ་རེད། ཁོང་ཡོད་སའི་འཛིན་གྲྭའི་ཚན་ཁག་ནི་ཁོངས་མི་ལྔ་ལས་གྲུབ་པ་ཡིན་ཞིང་། ཁོ་ཚོ་སྨན་པ་དང་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་དང་མཉམ་དུ་དུ་བ་མེད་པའི་གཡུལ་ས་དེར་ཞུགས། ཁོང་གིས“ཛ་དྲག་ཆེ་བའི་རིམས་འགོག་གི་སྐབས་སུ་ཉིན་མཚན་བསྟུད་མར་ལས་གནས་སྲུང་དགོས་པས་ཅུང་ཐང་ཆད་མོད། འོན་ཀྱང་ངས་རིག་པ་བསྒྲིམས་ནས་ཐང་ཆད་དུ་འཇུག་མི་ཕོད་ལ།  ལྷོད་གཡེང་དེ་བས་ཀྱང་བྱེད་མི་ཕོད”ཅེས་གསུངས།
 
རིམས་འགོག་རིང་འཐབ་ས་དང་པོའི་རིམས་འགོག་ས་ཚིགས་ཀྱི་རས་གུར་ནང་གློག་འཐེན་བཞིན་པ།
 
རིམས་འགོག་གི་སྐབས་སུ་གཞིས་རྩེའི་མི་དམངས་སྨན་ཁང་དུ་གློག་སྲུང་བཞིན་པ།
          ཁོང་གིས་གློག་སྲུང་མཁའ་སྐྱོང་གི་ལས་ཀའི་ཁྲོད་འཐབ་ཕྱོགས་དང་པོར་སྣེ་ཁྲིད་བྱས་ནས་གློག་འདོན་མི་སྣའི་འགན་འཁྲི་བརྟན་པོ་ཡིད་ལ་བཟུང་ཞིང་། རིམས་འགོག་ལས་ཞུགས་མི་སྣ་དང་མང་ཚོགས་ཀྱི་དུས་ཐོག་ཏུ་བརྙན་འཕྲིན་དང་ལག་ཐོག་ཁ་པར་སོགས་ལས་རྒྱལ་ནང་གི་རིམས་འགོག་གནས་ཚུལ་གྱི་གསར་འགྱུར་དུས་ཐོག་ཏུ་རྒྱུས་ལོན་བྱེད་པ་དང་། ཕྱི་ཕྱོགས་སུ་ཡོད་པའི་ནང་མི་སྤུན་མཆེད་དང་འབྲེལ་བ་བྱེད་རྒྱུ་སོགས་འཐུས་ཤོར་དུ་མི་འགྲོ་བ་བྱས་ཡོད་པས། མཚན་མོ་རེ་རེར་འོད་སྣང་དང་མི་སེམས་རེ་རེར་དྲོད་ཁོལ་སྦྱིན་ཡོད་དོ། །
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1