གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༧ཉིན།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།


          འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པས་སྤྱི་ཚེས་25ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་བཅས་གསན་པ་མ་ཟད་གྲོས་ཞིབ་གནང་ཡོད་པ་རེད།
          ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་གནང་ཡོད། ཁོང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་བ་དང་། ཁྲིམས་ལྟར་འགན་འཁྲི་བསྒྲུབས་ཏེ། རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་ཉོ་ཚོང་དང་ཟས་སྤྱོད་བྱ་རྒྱུ་ཁྱོན་ཡོངས་ནས་གཏན་འགོག་བྱ་རྒྱུའི་སྐོར་ལ་གཏན་འབེབས་བྱས་པ་དང་། སྤྱི་པའི་འཕྲོད་བསྟེན་ཁྲིམས་སྐྱོང་འགན་སྲུང་མ་ལག་གི་ཁྲིམས་འཛུགས་དང་ཁྲིམས་བཟོ་བཅོས་རྒྱག་ཤུགས་ཆེ་རུ་གཏོང་རྒྱུའི་ལས་དོན་བཀོད་སྒྲིག་བྱས་ནས་ལག་བསྟར་བྱེད་འགོ་ཚུགས་པ། རང་འགུལ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲིམས་ལུགས་དྲིལ་བསྒྲགས་དང་གསལ་འགྲེལ་བཅས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཆེད་ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་བྱས་ཡོད་ཅེས་བསྟན་ཡོད་པ་རེད།
          ལི་ཀྲན་ཧྲུའུ་ཡིས་སྙན་ཞུའི་ནང་ལོ་གཅིག་ལྷག་གི་རིང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་གནས་ཚུལ་ཕྱོགས་བསྡོམས་གནང་ཡོད་དེ། ཁྲིམས་ལུགས་འཆར་ཟིན་དང་གཏན་འབེབས་འཆར་ཟིན་ཁག་48ལ་གྲོས་ཞིབ་བྱས་ནས་ཁག་34ལ་གྲོས་འཆམ་བྱུང་བ་དང་། སྙན་ཞུ་ཁག་39ཉན་པ་དང་གྲོས་ཞིབ་བྱས་པ། ཁྲིམས་ལུགས་ཁག་6ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པ། ཆེད་དོན་བློ་འདྲི་ཐེངས3དང་ཆེད་དོན་བརྟག་དཔྱད་ཞིབ་འཇུག་ཁག་7སྤེལ་བ། གྲོས་ཆོད་1བཞག་པ། ཕྱོགས་གཉིས་ཆིངས་ཡིག་5ལ་ཆོག་མཆན་སྤྲོད་རྒྱུའི་ཐག་བཅད་པ། ཁྲིམས་ལྟར་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣ་མི་ཐེངས་282བསྐོ་འཐེན་བྱས་པ་སོགས་ལས་དོན་ཁག་ལ་འཕེལ་རིམ་གསར་པ་དང་ནུས་འབྲས་གསར་པ་ཐོན་ཡོད་པ་རེད། དེ་ཡང་། གཅིག་ནས། རྒྱལ་སྐྱོང་སྲིད་འཛིན་གྱི་ཕྱོགས་ཁག་ནང་རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུར་འགན་སྲུང་བྱས་པ། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་དང་། ཁྲིམས་ཆད་འཁུར་བཞིན་པའི་ཉེས་ཅན་པ་ཁག་གཅིག་དམིགས་བསལ་བཙོན་གྲོལ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་བྱས་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཁྲིམས་ལུགས་ལམ་ལུགས་དང་ལག་བསྟར་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་ཞིབ་འཇུག་བྱས་ནས་འཆར་འགོད་གཏན་འཁེལ་བྱས་པ་མ་ཟད་གྲོས་ཞིབ་བྱས་ཡོད། གཉིས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུར་རམ་འདེགས་དང་སྐུལ་འདེད་བཏང་ནས། བསྒྱུར་བཅོས་ཆེ་གྲས་བྱེད་སྐབས་ཁྲིམས་དང་མཐུན་པ་དང་གཞི་འཛིན་ས་ཡོད་པའི་འགན་སྲུང་བྱས་པ། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ཀྱིས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་བཏང་བ། དམངས་འཚོའི་ཁྱབ་ཁོངས་ནང་ཁྲིམས་འཛུགས་བྱ་རྒྱུ་མགྱོགས་སུ་བཏང་བ། ལྟ་ཞིབ་དང་། ཁྲིམས་འཛིན། སྤྱི་ཚོགས་བཅོས་སྐྱོང་། རྒྱལ་ཁབ་བདེ་འཇགས་སོགས་ཀྱི་ཁྱབ་ཁོངས་ནང་ཁྲིམས་འཛུགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། གསུམ་ནས། ཁྲིམས་གཏན་འཁེལ་བའི་འགན་འཁྲི་ལྟར་བསྒྱུར་བཅོས་གོང་འཕེལ་གྱི་ལས་འགན་གལ་ཆེ་རིགས་ལ་གཞིགས་ནས་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། སྲིད་འཛིན་དབང་ཆ་དང་ལྟ་ཞིབ་དབང་ཆ། འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་བཅས་ཁྲིམས་ལྟར་ཡང་དག་པའི་ངང་ལག་བསྟར་བྱ་རྒྱུར་དམ་པོར་གཞིགས་པ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སའི་དཀའ་གནད་དང་སྒྲུབ་དཀའ་བའི་དོན་དག་ལ་དོ་ཁུར་བྱས་ནས། བསྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་བསྐྲུན་ཐུབ་པ་བྱས་པ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་བསྒྱུར་བཅོས་འགག་སྒྲོལ་གྱི་ལས་འགན་ལ་འདེགས་སྐྱོར་དེ་བས་ཡག་པ་བྱས་ཡོད། བཞི་ནས། འཐུས་མིས་ཁྲིམས་ལྟར་འགན་སྒྲུབ་བྱེད་པའི་ལས་ཀའི་ལམ་ལུགས་སྒྲིག་གཞི་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་རྒྱབ་སྐྱོར་དང་ཞབས་ཞུ་བསྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ཞིབ་ཕྲའི་བྱེད་ཐབས་ཁག་35གཏན་འབེབས་བྱས་པ་དང་། འཐུས་མིའི་གྲོས་འགོ་དང་གྲོས་གཞི་བདག་གཉེར་ནན་ཏན་བྱས་པ། འཐུས་མིས་ཁྲིམས་འཛུགས་ལས་དོན་ཁྲོད་ཐོན་པའི་ནུས་པ་འདོན་སྤེལ་བྱས་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། འཐུས་མི་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་ཟབ་ཏུ་བཏང་བ། འཐུས་མིར་ཞབས་ཞུ་བྱ་རྒྱུར་འགན་སྲུང་བྱེད་པའི་ལས་དོན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད། ལྔ་ནས། ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གནས་བབ་ཧྲིལ་པོར་གཞིགས་ནས་ཕྱི་ཕྱོགས་ལས་དོན་སྤེལ་བ། མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་ལས་དོན་སྤེལ་བའི་རང་འགུལ་རང་བཞིན་དང་། དམིགས་སའི་རང་བཞིན། གཅིག་གྱུར་འཆར་འགོད་རང་བཞིན་བཅས་སྔར་བས་ཆེ་རུ་བཏང་ཡོད། དྲུག་ནས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་བཅས་གཅིག་གྱུར་ཡག་པོ་བྱས་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་བཅས་ཡོད།
          ལི་ཀྲན་ཧྲུའུ་ཡིས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ད་དུང་ཧེ་བག་དང་མི་འདང་བའི་ཆ་གནས་ཡོད་པས། ང་ཚོས་འཐུས་མི་ལྷན་རྒྱས་དང་ཕྱོགས་ཁག་གི་དགོངས་འཆར་དང་གྲོས་འགོ་ཁེངས་སྐྱུང་ཐོག་ནས་ཉན་ཏེ། ལས་དོན་ཁག་ལ་ཤུགས་སྣོན་དང་དེར་ལེགས་བཅོས་ཟམ་མི་ཆད་པར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
          ལི་ཀྲན་ཧྲུའུ་ཡིས་སྙན་ཞུའི་ནང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་འདེགས་སྐྱོར་བྱེད་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཡིན། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལག་ལེན་ཁྱད་ཆོས་དང་། དུས་རབས་ཀྱི་ཁྱད་ཆོས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ལམ་ལུགས་ཀྱི་བཟང་ཆ་དེ་རྒྱབ་ཁབ་བཅོས་སྐྱོང་ནུས་ཕྱོད་ལ་སྒྱུར་བ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་གཉིས་མི་དམངས་ཀྱི་ལག་ནང་བརྟན་པོར་འཛིན་དགོས་ཞེས་ནན་གསུངས་གནང་ཡོད།
          ལི་ཀྲན་ཧྲུའུ་ཡིས། སྤྱི་ལོ2020ལོར། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་བཞིན་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་པ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་བཅས་གཅིག་གྱུར་ནུས་ལྡན་བྱེད་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། གནས་ལྔ་གཞི་གཅིག་གི་སྤྱིའི་འཆར་འགོད་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་དམ་པོར་སྦྲེལ་བ། དབུལ་སྒྲོལ་འགག་གཏོར་གྱི་མཐའ་མའི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དམིགས་འབེན་ལས་འགན་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་པ་དང་དམ་པོར་སྦྲེལ་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ། བརྟན་པོའི་ཁྲོད་ཡར་རྒྱས་ཡོང་ཐབས་བྱེད་པའི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པ་བཅས་ཀྱི་ཐོག་ནས། མི་དམངས་འཐུས་ཚོགས་ཀྱི་ལས་ཀར་གྲུབ་འབྲས་གསར་པ་དང་འཕེལ་རིམ་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
          ལི་ཀྲན་ཧྲུའུ་ཡིས་ཕྱོགས་དྲུག་གི་ཐད་ནས་སླད་ཕྱིན་དུས་མཚམས་ཤིག་རིང་གི་ལས་འགན་གཙོ་བོ་དག་རྒྱས་བཤད་གནང་ཡོད་པ་སྟེ། རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་འགན་ལེན་དང་། ཁྱབ་ཁོངས་གཙོ་བོའི་ཁྲིམས་འཛུགས་ལ་ཤུགས་སྣོན། ཁྲིམས་ལྟར་ལྟ་སྐུལ་ལས་དོན་ཡག་པོ་བསྒྲུབ་རྒྱུ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པ། ཕྱི་ཕྱོགས་དང་འགྲོ་འོང་གང་ལེགས་བྱ་རྒྱུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཡིན་པ་རེད།
          ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ཀྲའུ་ཆང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཚབ་ཞུས་ཏེ་ལས་དོན་སྙན་ཞུ་གནང་སྐབས། སྤྱི་ལོ2019ལོར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། མི་དམངས་མང་ཚོགས་རྣམས་ལ་ཁྲིམས་འཛིན་གྱོད་དོན་རེ་རེའི་ཁྲོད་ནས་དྲང་བཞག་དྲང་བདེན་ཚོར་ཐུབ་པ་བྱེད་པའི་དམིགས་འབེན་ལ་དམ་པོར་གཞིགས་པ། སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་རྒྱུ་དང་། དམངས་ཀྱི་ཆེད་དུ་ཁྲིམས་འཛིན། ཁྲིམས་འཛིན་དྲང་བཞག་བཅས་རྒྱུན་འཁྱོངས་བྱས་པ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གྱོད་དོན་གསུམ་ཁྲི་བཞི་སྟོང་ལ་ཞིབ་དཔྱོད་བྱས་ནས་མཇུག་འགྲིལ་བ། ས་གནས་རིམ་ཁག་གི་ཁྲིམས་ཁང་གིས་གྱོད་དོན་བྱེ་བ་གཉིས་དང་ས་ཡ་དགུ་དང་ཉིས་ཁྲི་ཉིས་སྟོང་ལ་ཞིབ་དཔྱོད་ཐག་གཅོད་བྱས་ཟིན་ཡོད་ཅེས་གསུངས་ཡོད།
          ཀྲའུ་ཆང་གིས་ཕྱོགས་བརྒྱད་ཀྱི་ཐད་ནས་སྤྱི་ལོ2019ལོའི་གཙོ་གནད་ལས་དོན་སྙན་ཞུ་གནང་བ་སྟེ། གཅིག་ནི། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཆུ་ཚད་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ། གཉིས་ནི། བློ་བརྟན་འགྱུར་མེད་ངང་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་ཞབས་འདེགས་ཞུས་པ། གསུམ་ནི། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་དང་། གཞུང་དྲང་ངང་ཁྲིམས་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོང་བྱས་པ། བཞི་ནི། དམངས་ལ་ཕན་ཞིང་ནུས་འབྲས་ཆེ་བའི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པའི་སྒྲིག་གཞི་འཛུགས་པ་བརྒྱུད་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཧུར་ཐག་ངང་ཞུགས་པ། ལྔ་ནི། ལག་བསྟར་དཀའ་བའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱས་ཏེ། ལས་དོན་ཆུ་ཚད་མཐོ་པོའི་སྒོ་ནས་འཁོར་རྒྱུག་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ། དྲུག་ནི། ཁྲིམས་འཛིན་སྒྲིག་གཞི་བསྒྱུར་བཅོས་དང་རིག་ལྡན་ཁྲིམས་ཁང་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་ནས། ཁྲིམས་འཛིན་གྱི་སྤུས་ཚད་དང་། ནུས་འབྲས། ཡིད་རྟོན་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ། བདུན་ནི། གསར་བརྗེ་ཅན་དང་། ལུགས་མཐུན་ཅན། ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། མི་དམངས་ཁྲིམས་ཁང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། བརྒྱད་ནི། རང་རྟོགས་ངང་ལྟ་སྐུལ་དང་ལེན་ཞུས་ནས། མི་དམངས་ཁྲིམས་ཁང་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་པ་བཅས་རེད།
          ཀྲའུ་ཆང་གིས། སྤྱི་ལོ2020ལོའི་མི་དམངས་ཁྲིམས་ཁང་ལས་དོན་གྱི་ལས་འགན་ནི། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཕྱོགས་ཡོངས་ནས་དཔལ་འབྱོར་སྤྱི་ཚོགས་སྒྲིག་ལམ་སླར་གསོ་བྱ་རྒྱུར་ཞབས་ཞུ་ཏན་ཏིག་སྒྲུབ་པ་དང་། བརྟན་པོ་དྲུག་གི་ལས་དོན་ལེགས་པོ་སྒྲུབ་རྒྱུ་དང་འགན་ལེན་དྲུག་གི་ལས་འགན་དོན་འཁྱོལ་ཐུབ་པ་བྱ་རྒྱུར་ཞབས་འདེགས་གནད་ལ་འཕིགས་པ་ཞུ་བ། ཆུ་ཚད་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྱོང་ལ་ཞབས་ཞུ་ཏན་ཏིག་སྒྲུབ་པ། དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་ཞབས་ཞུ་ཏན་ཏིག་སྒྲུབ་པ། དབུལ་སྒྲོལ་འགག་གཏོར་དམག་འཐབ་མཐར་ཕྱིན་པ་རྒྱག་པ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པའི་དམིགས་ཚད་ལས་འགན་ལ་དམ་པོར་གཞིགས་ནས་ཁྲིམས་འཛིན་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་བ། དམངས་འཚོའི་ཁྲིམས་འཛིན་འགན་སྲུང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། ལས་ཞུགས་བྱེད་སྐབས་ས་ཁོངས་དང་ཕོ་མོ་དབྱེ་བ་སོགས་མཐོང་ཆུང་གི་ལྟ་སྟངས་འཛིན་རིགས་ཁྲིམས་ལྟར་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་། ཏོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པའི་ངལ་རྩོལ་གན་རྒྱ་རྒྱུ་མཚན་མེད་པར་མཚམས་འཇོག་བྱེད་རིགས་ཁྲིམས་ལྟར་ཡོ་བསྲང་མཐའ་གཅིག་ཏུ་བྱ་དགོས། འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཀྱི་ཕྱོགས་བསྡུས་ཆ་སྦྱོར་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བརྒྱུད། ལྷག་བསམ་དང་། སྤྱོད་གཙང་། འགན་སེམས་བཅས་ཀྱི་ཉམས་སད་ཐེགས་ཐུབ་པའི་ཁྲིམས་ཁང་དཔུང་ཁག་འཛུགས་སྐྱོང་ཏན་ཏིག་བྱེད་དགོས་ཞེས་གསུངས་ཡོད།
          ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲང་ཅུན་གྱིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་ཞུ་གནང་སྐབས། ན་ནིང་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་གནང་བའི་འོག ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཆབ་སྲིད་ལ་སྣང་ཆེན་དང་། གནས་བབ་ཧྲིལ་པོར་གཞིགས་པ། གོང་འཕེལ་དོན་གཉེར་བྱེད་པ། རང་སྟོབས་རང་སྤེལ་བཅས་བྱས་པས། ཞིབ་དཔྱོད་ལས་དོན་ཁག་ལ་འཕེལ་རིམ་གསར་པ་ཐོན་ཡོད་ཅེས་གསུངས་འདུག སྙན་ཞུའི་ནང་ཁག་སོ་སོར་ཞིབ་དཔྱོད་ལས་རིགས་ཀྱི་རིམས་འགོག་གནས་ཚུལ་ངོ་སྤྲོད་དང་། སྤྱི་ལོ2019ལོའི་ལས་དོན་ལ་ཕྱིར་དྲན། གོམ་སྟབས་རྗེས་མའི་ལས་འགན་བཀོད་སྒྲིག་བཅས་གནང་ཡོད།
          ཀྲང་ཅུན་གྱིས། སྤྱི་ལོ་2020ལོའི་ཟླ་བ་2པ་ནས་4པའི་བར། ཞིབ་དཔྱོད་ཚན་པས་རིམས་ནད་དང་འབྲེལ་བ་ཡོད་པའི་ཉེས་དོན་ཉེས་གསོག་མི་སྣ་3700འཛིན་བཟུང་དང་། མི་སྣ་2500ཞུ་གཏུག་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་། སྤྱི་ཕན་གཏུག་བཤེར་གྱོད་གཞི་2800བདག་སྤྲོད་བྱས་ཡོད། སྤྱི་ལོ་2019ལོར་རྒྱལ་ཡོངས་ཞིབ་དཔྱོད་ཚན་པས་ཁྱོན་རིགས་ཁག་གི་གྱོད་གཞི་ས་ཡ་གསུམ་དང་ཆིག་འབུམ་བཞི་ཁྲི་བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་བརྒྱ་ཆ་དགུ་དང་གྲངས་ཆུང་བདུན་འཕར་ཡོད། གཅིག་ནས་རྒྱལ་ཁབ་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་དེར་སྐུལ་འདེད་བཏང་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཡོང་བའི་གནས་བབ་ཧྲིལ་པོར་ཞབས་ཞུ་བསྒྲུབས་ཡོད། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་པ་དང་། ཁྲིམས་ལྟར་ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་བཏང་བ། འགག་གཏོར་ཆེན་པོ་གསུམ་གྱི་དམག་འཐབ་རྒྱག་རྒྱུར་ཞབས་ཞུ་ཡག་པོ་བསྒྲུབས་པ། ཁེ་ལས་ཀྱི་གཉེར་སྐྱོང་གོང་འཕེལ་ལ་རྒྱབ་སྐྱོར་ཏན་ཏིག་བྱས་པ། བྱ་སྤྱོད་ཧུར་ཐག་བཟུང་ནས་གསར་གཏོད་ལ་སྐུལ་འདེད་བཏང་བ། རུལ་རྒོལ་དམག་འཐབ་ལ་སྐུལ་འདེད་ཏན་ཏིག་བཏང་བ། མང་ཚོགས་ཀྱི་འཕྲིན་ཡིག་བསྐུར་བ་རྣམས་ལ་ལན་ཆ་བྱེད་པའི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱས་པ། གྱོད་གཞི་ཐག་གཅོད་བྱ་རྒྱུར་གཞི་ཚུགས་ནས་སྤྱི་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ལ་སྣེ་ཁྲིད་བཅས་བྱས་ཡོད། གཉིས་ནས། དུས་རབས་གོང་འཕེལ་གྱི་རྗེས་སྙེགས་ཐུབ་པ་དང་དེར་བསྟུན་ཐུབ་པ་བྱས་ནས་བཅའ་ཁྲིམས་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་ཡོད། ཉེས་དོན་ཞིབ་དཔྱོད་དང་། དམངས་དོན་ཞིབ་དཔྱོད། སྲིད་འཛིན་ཞིབ་དཔྱོད། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་བཅས་ཡག་པོ་བསྒྲུབ་རྒྱུར་འབད་བརྩོན་ཆེན་པོ་བྱས་ཡོད། གསུམ་ནས། རང་ངོས་འཛུགས་སྐྱོང་ལ་དམ་འཛིན་གྱིས་ཞིབ་དཔྱོད་ཀྱི་འགན་སྒྲུབ་ནུས་པ་ཆེ་རུ་བཏང་ཡོད། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་བཞག་ནས་ཞིབ་དཔྱོད་ལས་སྒོའི་འཛུགས་སྐྱོང་གསར་གཏོད་དང་། སྒོ་ཀུན་ནས་ཞིབ་དཔྱོད་བཅོས་སྐྱོང་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། བཞི་ནས། རང་རྟོགས་ངང་མི་དམངས་ཀྱི་ལྟ་སྐུལ་དང་དུ་བླངས་ནས་ཞིབ་དཔྱོད་དབང་ཆ་ཡོངས་བསྒྲགས་ཁ་གསལ་ཐོག་ནས་ལག་བསྟར་བྱས་ཡོད་ཅེས་གསུངས་ཡོད།
          ཀྲང་ཅུན་གྱིས། ད་ལོ་ནི་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པ་དང་དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་ཞིག་རེད། རིམས་ནད་རྐྱེན་ལས་ཐོན་པའི་འགྲན་རྩོད་གསར་པའི་ཐད་ཞིབ་དཔྱོད་ཚན་པས་ངེས་པར་དུ་འགན་འཁྲི་ཡག་པོ་འཁུར་དགོས། ཏང་གི་ལྟོས་མེད་འགོ་ཁྲིད་རྒྱུན་འཁྱོངས་དང་། ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་ཕྲག་ཏུ་འཁུར་རྒྱུ་རྒྱུན་འཁྱོངས། བརྟན་སྐྱོད་དང་། དོན་འཁྱོལ། མཐོར་གཏོང་རྒྱུན་འཁྱོངས་བཅས་བྱེད་དགོས་པ་དང་། ཚད་མཐོ་བའི་ཆབ་སྲིད་རང་རྟོགས་དང་། ཁྲིམས་སྐྱོང་རང་རྟོགས། ཞིབ་དཔྱོད་རང་རྟོགས་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་གསུངས་ཡོད།
          གྲོས་ཚོགས་སུ་ཁྱོན་འཐུས་མི་2956ཞུགས་དགོས་པ་དང་། དངོས་སུ་འཐུས་མི་2886ཞུགས་ཤིང་། འཐུས་མི་70ཞུགས་ཐུབ་མེད་པ་རེད། ཚོགས་ཞུགས་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1