འཐུས་མིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་དང་སྲུང་སྐྱོང་ལ་དོ་ཁུར་བྱས་ཏེ། མི་རིགས་མང་པོའི་རིག་གནས་ཀྱི་སྐད་ཡིག་ནོར་མཛོད་སྲུང་ཐུབ་པ་བྱེད་དགོས་ཞེས་བརྗོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-27



      “ཀྲོང་སྐད་ནི་ཧ་ཅང་གསོན་ཉམས་ལྡན་པ་ཞིག་ཡིན། ཟས་ཟ་བ་ཁོ་ནར་ཤོད་སྟངས་སྣ་ཚོགས་ཡོད་དེ། དཔེར་ན་qiangདང་genགཉིས་ཀས་ཟ་མ་ཟ་བའི་དོན་མཚོན་པ་དང་། qiangཞེས་པའི་སྐད་ཆ་ཤོད་ཡུལ་ནི་མཛའ་གྲོགས་ཟབ་མོ་ལྡན་པའི་གྲོགས་པོ་ཡིན་ཞིང་། ཕྱོགས་ཅིག་ཤོས་དེ་གདན་འདྲེན་ཞུས་ནས་མཉམ་དུ་ཟ་མ་ཟ་བའི་དོན་ཡིན། genཞེས་པ་ནི་ཐུགས་འཛེམ་བྱེད་པའི་ཤོད་སྟངས་ཤིག་ཡིན་ལ། ཡོད་མེད་ཁྱད་པར་མེད་པའི་བསམ་ཚུལ་ཞིག་མངོན་གྱི་ཡོད། འོན་ཀྱང་བརྩེ་དུང་ཕུན་སུམ་ཚོགས་པའི་ཚིག་དོན་དེ་དག་རྒྱ་ཡིག་ཏུ་བསྒྱུར་བའི་བརྒྱུད་རིམ་ཁྲོད་སྟབས་བདེར་འགྱུར་ཡོད་པ་རེད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཀོང་ཤིས་མི་རིགས་སློབ་ཆེན་གྱི་རྩོམ་རིག་གློག་བརྙན་བརྙན་འཕྲིན་གསར་རྩོམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧྥན་དབྱི་ཕིང་གིས་བཤད།
     རང་རྒྱལ་ནི་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན། སྣ་མང་རིག་གནས་མཉམ་འཚོ་དང་སྐད་ཡིག་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཀོང་ཤིས་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་མི་འབོར་མང་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་ཞིང་། རྒྱ་རིགས་དང་། ཀྲོང་རིགས། ཡའོ་རིགས། མེའོ་རིགས། ཐུང་རིགས། མུའུ་ལའོ་རིགས། མའོ་ནན་རིགས་སོགས་མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་པའི་མི་རིགས་12་ཡོད། ད་ལོའི་ཚོགས་འདུ་གཉིས་ཀྱི་ཐོག་འཐུས་མི་ཧྥན་དབྱི་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དོ་ཁུར་བྱེད་པའི་གྲོས་འགོ་བཏོན་ཡོད།
     “མི་རིགས་ཀྱི་མོས་སེམས་ལ་མཚོན་ན་སྐད་ཡིག་ནི་གལ་ཆེ་ཤོས་ཤིག་ཡིན། འོན་ཀྱང་ད་ལྟ་ཀོང་ཤིས་ཀྱི་གྲོང་ཁྱེར་དུ་སྐྱེས་པའི་ཀྲོང་རིགས་བརྒྱ་ཆ་དགུ་བཅུ་ཡིས་ཀྲོང་སྐད་ཤོད་མི་ཤེས་པ་དང་གོ་ཐུབ་ཙམ་ལས་མེད། ང་ཚོའི་ནང་ནི་ཀྲོང་རིགས་ཡིན། ངའི་བུ་མོ་ལོ་30ལ་སླེབས་ཡོད། ལོ་འདིར་སླེབས་ཀྱང་ཀྲོང་སྐད་བཤད་ཤེས་ཀྱི་མེད། ཐ་ན་ཀྲོང་རིགས་མང་པོ་འདུས་པའི་གྲོང་གསེབ་ཏུ་ལོ་ཆུང་བྱིས་པ་མང་ཆེ་བས་ཀྱང་ཀྲོང་སྐད་བཤད་ཤེས་ཀྱི་མེད།” ད་ཡོད་གནས་ཚུལ་ལས་ཧྥན་དབྱི་ཕིང་ལ་སེམས་ཁྲལ་ཆེན་པོ་བྱུང་ཡོད།
     ཁོང་གིས་བརྟག་དཔྱད་ཞིབ་འཇུག་བྱེད་རིང་། རྒྱལ་ཁབ་དང་ས་གནས་སྲིད་གཞུང་གི་ངོས་ནས་སྐད་རིགས་ཁག་ཅིག་ཁྱབ་སྤེལ་དང་སྲུང་སྐྱོང་གི་ལས་དོན་སྤེལ་ཡོད་མོད། འོན་ཀྱང་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་པའི་ཧུར་སེམས་ཆེན་པོ་མེད་པས། སྲིད་ཇུས་བཟང་པོ་སྔར་བཞིན་དོན་ཐོག་ཏུ་འཁྱོལ་ཁག་པོ་ཡོད་པ་རེད། གྲོང་ཁྱེར་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུན། མི་རིགས་ཀྱི་རིག་གནས་སྣང་ཚུལ་ཅུང་ཟབ་པའི་གྲོང་གསེབ་ས་ཁུལ་དུའང“ཀྲོང་སྐད་ཤོད་པ་ནི་རྗེས་ལུས་ཡིན་པའི”བསམ་ཚུལ་ཡོངས་ཁྱབ་ཏུ་གནས་ནས་ཁྱིམ་བདག་གིས་བྱིས་པར་རྒྱ་སྐད་ཀྱི་སྤྱི་སྐད་ཁོ་ན་སློབ་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ་རེད།
     ཀོང་ཤིས་རོང་ཧྲུའེ་མེའོ་རིགས་རང་སྐྱོང་རྫོང་གི་རྫོང་དཔོན་མཱ་ཁུང་གིས་ཀྱང་སྦ་གསང་མེད་པའི་ངང་མེའོ་རིགས་ལ་སྐད་མ་གཏོགས་ཡི་གེ་མེད་པས། མི་རིགས་གཞན་དང་བསྡུར་ན་ཁྱབ་གདལ་གཏོང་རྒྱུ་དེ་བས་ཁག་པོ་ཡོད་པ་རེད། “ང་ཚོའི་མི་རབས་རྗེས་མ་མང་པོ་ཞིག་གིས་མེའོ་སྐད་གོ་ཐུབ་ཀྱི་མེད། དུས་ཆེན་གཏོང་སྐབས་མེའོ་རིགས་ཀྱི་གླུ་ལེན་ཐུབ་ཙམ་ཡིན”ཞེས་བརྗོད།
     “ཁང་པ་རྙིང་པར་མི་སྡོད་པ་དང་། མི་རིགས་ཀྱི་རྒྱན་གོས་མི་གྱོན་ཡང་། དངོས་མང་བཤམས་སྟོན་ཁང་ནང་དྲན་ཤེས་འདི་ཉར་ཚགས་བྱས་ན་ཆོག ཡིན་ཡང་རང་མི་རིགས་ཀྱི་སྐད་ཡིག་ཤོད་མཁན་མེད་ན་དེ་མེད་པར་གྱུར་རྒྱུ་རེད། ཡང་བསྐྱར་སྦྱངས་དགོས་བྱུང་ན་ཧ་ཅང་ཁག་པོ་རེད།” ཧྥན་དབྱི་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་མཚོན་ན་བེད་སྤྱོད་དང་རྒྱུན་འཛིན་བྱེད་པ་ནི་སྲུང་སྐྱོང་ཡག་ཤོས་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
     མའོ་ནན་རིགས་ནི་རང་རྒྱལ་གྱི་མི་འབོར་ཅུང་ཉུང་བའི་མི་རིགས་28ཀྱི་གྲས་ཤིག་ཡིན། རྒྱལ་ཡོངས་ཀྱི་མའོ་ནན་རིགས་རང་སྐྱོང་རྫོང་འབའ་ཞིག་ཡིན་པའི་ཀོང་ཤིས་ཧོན་ཅང་མའོ་ནན་རིགས་རང་སྐྱོང་རྫོང་གིས་ལོ་འདི་དག་རིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་ཐད་ཚོད་ལྟ་ནུས་ལྡན་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཧོན་ཅང་རྫོང་གི་རྫོང་དཔོན་ཧོང་པིན་ཧྥུང་གིས་ཧོན་ཅང་རྫོང་གིས་ཧྥུན་ལུང་དུས་ཆེན་སོགས་མི་རིགས་ཀྱི་དུས་ཆེན་བརྒྱུད་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱས་པ་དང་། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གོང་བུ་གཅིག་ཏུ་འགྲིལ་བ་བཅས་བྱས་པས། མའོ་ནན་རིགས་ཀྱི་མི་རིགས་ཀྱི་མོས་སེམས་ཆེ་རུ་བཏང་ཡོད། མའོ་ནན་རིགས་འདུས་སྡོད་བྱེད་པའི་ཞ་ནན་ཤང་གི་སློབ་ཆུང་དུ་མའོ་ནན་སྐད་དང་རྒྱ་སྐད་ཀྱི་སྤྱི་སྐད་ཟུང་འབྲེལ་གྱིས་སློབ་ཁྲིད་བྱེད་པ་དང་། མའོ་ནན་གྱི་མི་རིགས་ཀྱི་གླུ་གཞས་དང་ཞབས་བྲོ་སོགས་སློབ་གྲྭའི་ནང་སློབ་ཀྱི་ཡོད་ཅེས་བརྗོད།
     “ཕྲུ་གུར་ཆུང་དུས་ནས་མི་རིགས་རིག་གནས་ཀྱི་སློབ་གསོ་དང་ཤུགས་རྐྱེན་བཟང་མོ་ཐེབས་ཐུབ་པ་བྱེད་དགོས། ཁོ་ཚོས་ཕ་ཡུལ་ལ་བཅངས་པའི་དགའ་ཞེན་གསོ་སྐྱོང་བྱས་པ་བརྒྱུད་སློབ་སྦྱོང་གི་ནང་གནས་སྒུལ་ཤུགས་འཕེལ་བ་བྱེད་དགོས”ཞེས་ཧོང་པིན་ཧྥུང་གིས་བཤད།
     ཧྥན་དབྱི་ཕིང་གིས་ཀྱང་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་དུ་སྐད་གཉིས་སློབ་ཁྲིད་ཁྱབ་སྤེལ་གཏོང་བ་ཕུད། ད་དུང་མི་རིགས་སྐད་ཡིག་དེ་སློབ་རིམ་འཕར་བའི་རྒྱུགས་ལེན་དང་། གཞུང་ལས་པ་བསྡུ་བ། གོ་མིང་ཞིབ་དཔྱད་གཏན་འཁེལ་སོགས་ཀྱི་ནང་དུ་འཇུག་པའི་རྣམ་པ་བརྒྱུད་ལམ་ལུགས་དང་སྲིད་ཇུས་ཀྱི་ཐོག་ནས་གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་ཧུར་སེམས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།
     ཁོང་གིས་ད་དུང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོངདང་། རྒྱུན་འཛིན། ཞིབ་འཇུག་བཅས་ཀྱི་བྱེད་སྒོ་སྣ་ཚོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཆ་རྐྱེན་འཛོམས་པའི་མི་རིགས་སློབ་གླིང་དང་དགེ་འོས་སློབ་གླིང་སོགས་མཐོ་རིམ་སློབ་གྲྭས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྐོར་གྱི་ཆེད་ལས་སློབ་ཚན་བཀོད་སྒྲིག་བྱས་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཉར་ཚགས་དང་བེད་སྤྱོད་བྱ་རྒྱུར“ས་རྒྱུ”མཁོ་འདོན་བྱ་རྒྱུའི་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1