མོན་པའི་དགེ་རྒན་ཞིག་གིས“འཐུས་མིའི་བགྲོད་ལམ”ཐོག་འདི་འདྲ་གསུངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 05-28



    ཚེས་25ཉིན་གྱི་ཕྱི་དྲོར “འཐུས་མིའི་བགྲོད་ལམ” སྒོ་ཐེངས་གཉིས་པ་ཕྱེ་བ་རེད།
    དེ་སྔ་དང་མི་འདྲ་བར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་དབང་གིས། བཅར་འདྲིར་ཞུགས་མཁན་གསར་འགོད་པ་ཚོས་ཚོགས་ཆེན་གསར་འགྱུར་ལྟེ་གནས་ཀྱི་སྡོད་ཁུལ་གྱི་ཡན་ལག་ཚོགས་རར་བརྙན་ལམ་བརྒྱུད་ནས་འཐུས་མི་ཚོར་བཅར་འདྲི་ཞུས་པ་རེད།
    ཚེས་25ཉིན་གྱི་ཆུ་ཚོད་14དང་སྐར་མ་30ཡི་ཐོག ཚོགས་ཆུང་གསུམ་པའི་འཐུས་མི་ཡིན་པའི་མོན་པ་རིགས་ཀྱི་གྱོན་ཆས་གྱོན་པའི་སྐལ་བཟང་བདེ་སྐྱིད་ཀྱིས“འཐུས་མིའི་བགྲོད་ལམ”དུ་བསྐྱོད།

    སྐལ་བཟང་བདེ་སྐྱིད་ནི་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་གཞོན་པ་རེད། ལོ་19ཡི་གོང་ཁོང་ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་ནས་སློབ་གྲྭ་ཐོན་རྗེས་ཐེ་ཚོམ་སྤུ་ཙམ་མེད་པར་ཕ་ཡུལ་དུ་སློབ་ཁྲིད་བྱེད་པར་ལོག ལོ་19སོང་ཡང་། ཁོང་སྔར་བཞིན་མེ་ཏོག་རྫོང་དུ་སློབ་ཁྲིད་བྱས་ནས་རེ་བའི་ས་བོན་ཁྱིམ་ཚང་རེ་རེ་བཞིན་ལ་བཏབ་ཡོད།
    ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པས་ཕ་ཡུལ་གྱི་སློབ་གསོར་འགྱུར་ལྡོག་གང་འདྲ་བྱུང་མིན་དང་། མོན་པ་རིགས་ཀྱི་ཕྲུ་གུ་ཚོའི་སློབ་སྦྱོང་གི་གནས་ཚུལ་སྐོར་འདྲི་སྐབས། སྐལ་བཟང་བདེ་སྐྱིད་ཀྱིས། ཕ་ཡུལ་ཧ་ཅང་མཛེས་ཀྱང་འགྲིམ་འགྲུལ་སྟབས་བདེ་མེད་པས། ཕྲུ་གུ་ཚོ་སློབ་གྲྭར་མ་བསྐྱོད་ན། ཚེ་གང་རི་ཁུག་ནས་འགྲོ་མི་ཐུབ། རང་ཉིད་སློབ་གྲྭ་ཆེ་མོར་འགྲོ་སྐབས་ཕ་ཡུལ་གྱི་མི་སེར་ཚོ་ཕྱིར་སྐྱོད་ཐུབ་པ་དང་ལས་དབང་ལ་འགྱུར་ལྡོག་གཏོང་དགོས་ན། སློབ་གསོ་ནི་འགག་རྩ་ཡིན་པ་ཤེས་པས། སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་དགེ་རྒན་བྱེད་པའི་བསམ་བློ་འཁོར་བྱུང་ཞེས་བཤད།

    སྐལ་བཟང་བདེ་སྐྱིད་ཀྱིས་2013ལོར་ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་པས། ཡུལ་མི་ཚོའི་མཐོང་རྒྱ་ཆེ་རུ་ཕྱིན་ནས་སློབ་གསོའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱུང་ཡོད། “ང་ཚོའི་སློབ་གཉེར་ཆ་རྐྱེན་ལེགས་སུ་སོང་ནས། སློབ་གྲྭར་ཐོག་བརྩེགས་གསུམ་གྱི་སློབ་ཁྲིད་ཁང་བསྐྲུན་པ་དང་། སློབ་མ་ཚོར་ཚན་རིག་ཚོད་ལྟ་ཁང་དང་རོལ་དབྱངས་ཁང་ཡང་ཡོད་པ་རེད། དགེ་རྒན་ཚོས་ཀྱང་PPTབརྒྱུད་ནས་སློབ་ཁྲིད་བྱེད་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ཕྲུ་གུ་ཚོར་དྲ་ཐོག་ནས་སློབ་ཚན་ཉན་རྒྱུ་བྱུང་ཡོད། ཏང་གི་སློབ་གསོའི་སྲིད་ཇུས་ཀྱང་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད་པས། བོད་ཀྱི་ཞིང་འབྲོག་པའི་བུ་ཕྲུག་གིས་རྒྱལ་ཡོངས་ཀྱི་སྔོན་ལ་ལོ་15ཡི་རིན་མེད་སློབ་གསོ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་ལ། ད་ཆ་ང་ཚོ་མོན་པ་རིགས་ཀྱི་ཕྲུ་གུ་སློབ་གྲྭར་ཞུགས་ཚད་དང་སློབ་ཆུང་ནས་དམའ་འབྲིང་དུ་འཕར་ཚད་100%ཟིན་ཡོད”ཅེས་བརྗོད།

    སྐལ་བཟང་བདེ་སྐྱིད་ཀྱིས། ད་ཆ་ཏང་དང་སྲིད་གཞུང་གི་སྣེ་ཁྲིད་དང་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་འོག མོན་པ་རིགས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སེ་འབྲུའི་རྡོག་པོ་བཞིན་གཅིག་ཏུ་དམ་པོར་སྒྲིལ་ནས་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1