༄༅།།ནགས་ཚལ་གྱི་མེ་འགོག་ཤེས་བྱའི་དྲི་བ་དྲིས་ལན་སོ་བརྒྱད་མ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། 05-28




01ཅི་ཞིག་ལ་ནགས་ཚལ་གྱི་མེ་འགོག་ཟེར་རམ། 
        ནགས་ཚལ་གྱི་མེ་འགོག་ཅེས་པ་ནི་ནགས་ཚལ་དང་ཤིང་སྡོང་།  ནགས་ས་བཅས་ལ་མེ་སྐྱོན་འབྱུང་བར་སྔོན་འགོག་དང་སྲུང་སྐྱོང་བྱེད་པར་ཟེར།

02ནགས་ཚལ་གྱི་མེ་གསོད་པར་རྩ་དོན་ཅི་ཞིག་ཡོད་དམ།
        ནགས་ཚལ་གྱི་མེ་གསོད་དུས་མང་ཚོགས་དང་ཆེད་ལས་རུ་ཁག་གིས་མཉམ་དུ་མེ་སོད་པའི་རྩ་དོན་ལག་ལེན་བྱེད་དགོས།  ནགས་ཚལ་དང་འབྲེལ་ཡོད་ཀྱི་ལས་ཁུངས་ཚང་མས་མང་ཚོགས་ཀྱི་མེ་གསོད་རུ་ཁག་འཛུགས་དགོས་པ་མ་ཟད། སྦྱོང་བརྡར་ནན་མོ་བྱེད་པ་དང་བྱང་ཚད་མཐོ་རུ་གཏོང་དགོས།  རྒྱལ་གཉེར་ནགས་ས་རུ་ད་དུང་ཆེད་ལས་མེ་གསོད་རུ་ཁག་འཛུགས་དགོས། 


03ནགས་ཚལ་གྱི་མེ་འགོག་དུས་རིམ་དུ།  ནགས་གསེབ་ནས་མེ་བཀོལ་བར་གཏན་འབེབས་ཅི་འདྲ་ཡོད་དམ།
        ནགས་ཚལ་གྱི་མེ་འགོག་དུས་རིམ་དུ། ནགས་གསེབ་ནས་མེ་འབུད་མི་རུང་ལ།  དམིགས་བསལ་གྱི་གནས་ཚུལ་འོག་མེ་བཀོལ་དགོས་ན། རེ་ཞུ་བྱས་ནས་ཆོག་མཆན་ཐོབ་པའི་འགྲོ་ལུགས་ནན་མོ་བསྒྲུབ་དགོས་པ་མ་ཟད། རི་མགོ་ནས་མེ་བཀོལ་ཆོག་པའི་བདེན་དཔང་ཡི་གེ་ལེན་དགོས། 

04མེ་བཀོལ་བར་ཆོག་མཆན་ཐོབ་པའི་ལས་ཁུངས་དང་མི་སྒེར་གྱིས་མི་བཀོལ་དུས་འཛེམ་བྱ་ལྔ་ཡོད་པ་ནི་གང་དག་ཡིན་ནམ།
        མེ་འགོག་ཐབས་ལམ་ཚད་ལྡན་མིན་ན་མེ་བཀོལ་མི་ཆོག མེ་འགོག་མི་སྣ་དང་མེ་སོད་ལག་ཆ་འཛོམས་མེད་ན་མེ་བཀོལ་མི་ཆོག ས་སྐམ་ས་ནས་རིམ་པ་གསུམ་ཡན་གྱི་རླུང་ཡོད་ན་མེ་བཀོལ་མི་ཆོག རི་མགོར་ཡར་འཛེགས་ས་ནས་མེ་བཀོལ་མི་རུང་ལ། རིམ་པ་བཞི་དང་རིམ་པ་བཞི་ཡན་གྱི་གནམ་གཤིས་འོག་མེ་བཀོལ་མི་རུང་། 

05ནགས་གསེབ་ཏུ་བསྒྲུབ་མི་ཆོག་པ་ལྔ་ཡོད་པ་གང་དག་ཡིན་ནམ།
        ནགས་གསེབ་ནས་དུད་སྣེ་དང་མེ་ཆ་གང་བྱུང་དུ་འཕེན་མི་ཆོག་ལ།  ནགས་གསེབ་ཏུ་མེ་འབུད་མི་ཆོག  ནགས་གསེབ་ནས་མེ་སྒྲོན་ཏེ་རི་དྭགས་བདའ་མི་ཆོག  ནགས་གསེབ་ནས་མེ་སྒྲོན་ཏེ་མེ་ལ་སྲོ་བ་དང་སྲེག་ཟས་བསྲེག་མི་ཆོག   ནགས་གསེབ་ཏུ་མེ་སྒྲོན་ནས་རྩེད་མོ་རྩེ་མི་ཆོག 

06ནགས་ཚལ་གྱི་མེའི་ཉེན་ཁ་ཡི་རིམ་པ་ཅི་ལྟར་དགར་དགོས་སམ།
        ནགས་ཚལ་གྱི་མེའི་ཉེན་ཁ་ལ་རིམ་པ་ལྔ་ཡོད།  རིམ་པ་དང་པོ་ནི། མེ་འབར་མི་སྲིད་པའི་གནམ་གཤིས་འོག་མེ་བཀོལ་ཆོག རིམ་པ་གཉིས་པ་ནི།མེ་འབར་མི་སླ་བའི་གནམ་གཤིས་འོག་མེ་བཀོལ་ཆོག  འོན་ཀྱང་མེ་ཤོར་བའི་ཉེན་ཁ་ཡོད།   རིམ་པ་གསུམ་པ་ནི། མེ་འབར་སླ་བའི་གནམ་གཤིས་འོག མེ་བཀོལ་བར་ཚོད་འཛིན་བྱེད་དགོས། རིམ་པ་བཞི་བ་ནི། མེ་འབར་སླ་བའི་གནམ་གཤིས་འོག ནགས་གསེབ་ཏུ་མེ་བཀོལ་མཚམས་འཇོག་དགོས། རིམ་པ་ལྔ་བ་ནི། མེ་འབར་ཉེན་ཆེ་བའི་གནམ་གཤིས་འོག   ཕྱི་ནས་མེ་བཀོལ་མི་ཆོག

07ཅི་ཞིག་ལ་ནགས་ཚལ་གྱི་མེ་འགོག་དུས་རིམ་ཟེར། 
        སྤྱིར་བཏང་དུ་ནགས་ཚལ་ལ་མེ་ཤོར་སླ་བའི་དུས་ཚིགས་ནི་ནགས་ཚལ་གྱི་མེ་འགོག་དུས་རིམ་དུ་གཏན་འཁེལ་བྱས་ཡོད།  གནམ་གཤིས་ཀྱི་ཆ་རྐྱེན་དང་ནགས་ཚལ་ལ་མེ་སྐྱོན་བྱུང་བའི་ཆོས་ཉིད་གཞིར་བཟུང་ནས།  ས་གནས་མི་འདྲ་བའི་ནགས་ཚལ་གྱི་མེ་འགོག་དུས་རིམ་ཡང་མི་འདྲ། 

08ནགས་ཚལ་གྱི་མེ་སོད་ལ་ཞུགས་པར་རྩ་འཛུགས་བྱེད་མི་ཆོག་པའི་མི་གང་དག་ཡོད།
        རྒན་རྒོན་དང་བུད་མེད། སློབ་གྲྭ་ཆུང་འབྲིང་གི་སློབ་མ། བྱིས་པ་དང་དབང་པོ་སྐྱོན་ཅན་བཅས་ཡོད། 

09ནགས་ཚལ་ལ་མེ་ཤོར་བར་ཆ་རྐྱེན་གང་དག་འཛོམ་དགོས།
        འབར་སླ་བའི་དངོས་པོ།   དབྱང་རླུང་དང་དྲོད་ཚད་མཐོན་པོ།

10ནགས་གསེབ་ཏུ་འབར་སླ་བའི་དངོས་པོ་གང་དག་ཡོད།
        ནགས་གསེབ་ཀྱི་ཤིང་སྡོང་དང་།  སྡོང་ཕྲན།    རྩྭ་ལྡུམ། ཤིང་སྡོང་སྐམ་པོ།  ལོ་མ་སྐམ་པོ་སོགས་དང་།  ས་འོག་གི་སྡོང་བོའི་རྩ་བ་རུལ་བོ་སོགས་ནི་འབར་སླ་བའི་དངོས་པོ་ཡིན། 

11ནགས་ཚལ་ལ་མེ་སྐྱོན་འབྱུང་བའི་རྒྱུ་རྐྱེན་གསུམ་ནི་ཅི་ཞིག་ཡིན་ནམ།
        འབར་སླ་བའི་དངོས་རྫས་དང་གནམ་གཤིས་ཀྱི་ཆ་རྐྱེན་འོག་ནགས་ཚལ་ལ་མེ་འབར་སླ་ཞིང་།  མེ་ནི་ནགས་ཚལ་ལ་མེ་སྐྱོན་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན། 

12ནགས་ཚལ་གྱི་མེ་སྐྱོན་ནི་མེ་འབར་ས་དང་འབར་ཡུན། འབར་བའི་མྱུར་ཚད་བཅས་ཀྱི་ངོས་ནས་རིགས་གསུམ་ལ་དགར་ཆོག་པ་ནི་གང་དག་ཡིན་ནམ།
        ས་ངོས་ཀྱི་མེ་དང་སྡོང་མགོའི་མེ། ས་འོག་གི་མེ་བཅས་ཡིན། 

13ཅི་ཞིག་ལ་ས་ངོས་ཀྱི་མེ་ཟེར།  ས་ངོས་ཀྱི་མེ་ཡིས་ནགས་ཚལ་ལ་གནོད་པ་ཐེབས་ཚད་ཅི་འདྲ་ཡིན་ནམ།
        ས་ངོས་ཀྱི་མེ་ནི་ནགས་གསེབ་ཀྱི་ས་ངོས་ནས་འབར་བ་དང་། ས་ངོས་ཀྱི་རྩི་ཤིང་བསྲེག་པར་བྱེད། ས་ངོས་ཀྱི་མེ་ཡིས་ས་ངོས་ཀྱི་སྨི་གཅིག་ཚེག་ལྔ་ཡི་བར་གྱི་མྱུ་གུ་དང་སྡོང་ཕྲུག་སོགས་འཚིག་པ་དང་། ཤིང་སྡོང་གི་རྩ་བ་དང་ས་ངོས་ཀྱི་རྩ་བ་འཚིག་པར་བྱེད། ནགས་ཚལ་ལ་མེ་སྐྱོན་བྱུང་རྗེས་ཡག་པོ་སྐྱེ་མི་ཐུབ་པས། གནོད་འབུ་མང་པོ་བྱུང་ནས་ནགས་གསེབ་ཀྱི་ཤིང་སྡོང་སྐྱེ་བར་གནོད་པ་བཟོ་ལ། ཤིང་སྡོང་གི་རྒྱུ་སྤུས་ཇེ་ངན་དུ་གཏོང་བ་དང་། ནགས་ཚལ་གྱི་ཤིང་སྡོང་མང་པོ་སྐམ་པའི་ཉེན་ཁ་ཡོད། 

14ཅི་ཞིག་ལ་སྡོང་མགོའི་མེ་ཟེར། སྡོང་འགོའི་མེ་ཡིས་ནགས་ཚལ་ལ་གནོད་པ་ཐེབས་ཚད་ཅི་འདྲ་ཡིན་ནམ།
        ས་ངོས་ལ་མེ་ཤོར་བའི་སྐབས་རླུང་ཆེན་པོ་ལྡང་བ་དང་། མེ་ལྕེ་སྡོང་ཕྲུག་མང་པོ་ཡོད་ས་དང་ཤིང་སྡོང་སྐམ་པོ་ཡོད་སར་མཆེད་ན། རིམ་བཞིན་མེ་ལྕེ་སྡོང་མགོར་མཆེད་ནས་རླུང་གི་ཁ་ཕྱོགས་དང་བསྟུན་ཏེ་ཇེ་ཆེར་འགྱུར་ཞིང་།དེ་ནས་སྡོང་མགོར་མེ་ཤོར། དེ་ནི་དུས་རྒྱུན་ས་ངོས་ལ་མེ་ཤོར་བ་དང་མཉམ་དུ་བྱུང་།  ནགས་གསེབ་ཀྱི་ཤིང་སྡོང་གི་ཡལ་ག་སོགས་འཚིག་པ་དང་། ནགས་ཚལ་ལ་གནོད་པ་ཚབས་ཆེན་ཐེབས།  མེ་གསོད་དཀའ་མོ་ཡིན། འདི་ལྟ་བུའི་མེ་སྐྱོན་བྱུང་དུས་མེ་ཐད་ཀར་མི་གསོད་པར།  མེ་ལྕེ་དེ་ལས་གཞན་ལ་མི་མཆེད་པར་སྔོན་འགོག་བྱེད་དགོས། 

15ནགས་ཚལ་གྱི་མེ་སྐྱོན་འབྱུང་བར་ས་དབྱིབས་ཀྱི་རྒྱུ་རྐྱེན་གང་དག་ཡོད།
        རི་གཟར་ལུང་གཟར་དང་མཚོ་འཕགས་མཐོ་བ་སོགས་ཀྱི་རྒྱུ་རྐྱེན་ཡོད། 

16ཅི་ཞིག་ལ་༼མེ་སྐྱོན་དྲག་པོ༽དང་༼མེ་སྐྱོན་འཇམ་པོ༽ཟེར་རམ།
        ནགས་གསེབ་ཏུ་མེ་ཤོར་དུས་རི་འདབས་ནས་རི་མགོར་མཆེད་པ་དང་། མེ་ཤོར་ཚད་མགྱོགས་པ་ལ་མེ་སྐྱོན་དྲག་པོ་ཟེར།   མེ་ལྕེ་རི་མགོ་ནས་རི་འདབས་ལ་མཆེད་པ་དང་།  མེ་ཤོར་ཚད་དལ་མོ་ཡིན་ན།  མེ་སྐྱོན་འཇམ་པོ་ཟེར། 

17རི་མགོའི་ནགས་ཚལ་ལ་མེ་ཤོར་ན་ཁྱད་ཆོས་ཅི་ཞིག་ཡོད།
        རི་མགོའི་ནགས་ཚལ་ལ་མེ་སྐྱོན་དྲག་པོ་བྱུང་ན།མེ་ལྕེ་མཆེད་སླ་བ་དང་། ལྷག་པར་ཉིན་ཁུག་གི་རི་གཟར་ས་རུ་མེ་ལྕེ་མཆེད་སླ་མོ་ཡིན་ཞིང་།མེ་ཤོར་ཚད་མགྱོགས་པོ་ཡིན་པས་མེ་གསོད་དཀའ་མོ་ཡིན། མེ་སྐྱོན་འཇམ་པོ་བྱུང་ན། མེ་ལྕེ་མཆེད་པ་ཅུང་དལ་ལ།མེ་གསོད་སླ་མོ་ཡིན།

18ནགས་ཚལ་གྱི་མེ་སྐྱོན་འགོག་པར་རྩ་དོན་ཅི་ཞིག་ཡོད།
        ནགས་ཚལ་ལ་མེ་སྐྱོན་བྱུང་ན་སྔ་མོ་ནས་མེ་གསོད་པ་དང་མེ་ཇེ་ཆུང་དུ་གཏོང་བ།  མེ་རྩ་བ་ནས་གསོད་པ་བཅས་ཀྱི་རྩ་དོན་ཡོད།  དུས་ཚོད་དམ་འཛིན་བྱས་ཏེ་ནགས་ཚལ་ལ་མེ་ཤོར་ན་མེ་ཆུང་དུས་ནས་སོད་དགོས།

19མེ་གསོད་ཐབས་གཉིས་ཡོད་པ་ནི་གང་གཉིས་ཡིན་ནམ།
        ནགས་ཚལ་གྱི་མེ་གསོད་དུས་ཐད་ཀར་མེ་གསོད་པ་དང་བར་མཚམས་བཅད་ནས། མུ་མཐུད་དུ་མེ་ལྕེ་མཆེད་པར་སྔོན་འགོག་བྱེད་པ་གཉིས་ཟུང་འབྲེལ་གྱི་ཐབས་ལམ་ཡོད། མེ་ཐད་ཀར་གསོད་དུས་མེ་སོད་མཁན་གྱིས་ལག་ཆ་བཀོལ་ནས་མེ་ཤོར་ས་རུ་མེ་སོད་པ་རེད།  ཐབས་ལམ་གཞན་པ་བརྒྱུད་ནས་མེ་གསོད་ཐབས་ནི་མེ་ཆེན་པོ་འབར་བའི་ས་ངོས་ཀྱི་མེ་དང་སྡོང་འགོའི་མེ་སྐྱོན་ལ་མི་ཐད་ཀར་བཅར་མི་ཐུབ་དུས་བཀོལ་བའི་ཐབས་ལམ་རེད། མེ་ཤོར་བའི་ཁ་ཕྱོགས་ལ་འགྱུར་བ་གཏོང་བ་དང་མེ་ཁ་བསྒྱུར་བའི་ཐབས་ལ་བརྟེན་ནས་མེ་གསོད་ཐབས་བྱེད་དགོས།

20རི་མགོའི་མེ་སོད་པར་རྩ་གནད་ཅི་ཞིག་ཡོད་དམ།
        རི་མགོའི་མེ་གསོད་དུས། རྐང་བ་གཉིས་བརྟན་པོ་བྱས་ཏེ། མེ་སོད་ལག་ཆ་བཀོལ་ནས་ཏུའུ་བཅུ་བཞི་ནས་དྲུག་ཅུའི་ཚད་ཐིག་བཟུང་སྟེ་མེ་གསོད་དགོས།   མེ་གསོད་དུས་ལག་ཆས་མེ་ལྕེ་ལ་བརྒྱབ་རྗེས་ཚུར་འདྲུད་པ་ལས། མེ་གསོད་ལག་ཆ་ཡར་གཡུག་མར་གཡུག་བྱེད་མི་རུང་སྟེ། མེ་གསོད་ལག་ཆ་བཀོལ་སྟངས་ཡག་པོ་ཤེས་དགོས།   མེ་ཆུང་ཆུང་ཡིན་དུས་མི་གཅིག་གིས་བསད་ཀྱང་ཆོག མེ་ལྕེ་ཆེན་པོ་ཡིན་དུས་མི་མང་པོར་རྩ་འཛུགས་བྱས་ནས་མཉམ་དུ་སོད་དགོས། མེ་གསོད་དུས་མེ་ལྕེའི་མཆེད་ཕྱོགས་ལྟར་རིམ་གྱིས་གསོད་དགོས་ཏེ།བདེ་འཇགས་ལ་ངེས་པར་དུ་གཟབ་གཟབ་བྱེད་དགོས།

21ནགས་ཚལ་གྱི་མེ་སྐྱོན་འགོག་དུས། ཅི་ལྟར་མེ་གསོད་པ་དང་མི་ལ་རྨས་སྐྱོན་མི་ཕོག་པ་བྱེད་དགོས།
        མེ་གསོད་པའི་སྐབས་སུ།  མེ་ལྕེ་མཆེད་ཕྱོགས་ནས་མེ་གསོད་མི་རུང་།  རླུང་གི་རྒྱུ་ཕྱོགས་ནས་འདུག་མི་རུང་།རི་མགོ་ནས་རི་འདབས་ལ་མཆེད་པའི་མེ་གསོད་སྐབས།  རླུང་གི་ཁ་ཕྱོགས་ཀྱི་འགྱུར་བ་ལ་དོ་སྣང་བྱེད་དགོས་ཏེ། རླུང་གི་ཁ་ཕྱོགས་དང་བསྟུན་ནས་རི་འདབས་ནས་རི་མགོར་མཆེད་ཀྱང་སྲིད་པས། མེ་ནང་དུ་ལྷུང་ནས་རྨས་སྐྱོན་ཕོག་པར་སྔོན་འགོག་བྱེད་དགོས།  མེ་ཤོར་ས་གཙང་སྦྲ་བྱེད་དུས།  མེ་ཡིས་བསྲེག་པའི་ཤིང་སྡོང་འགྱེལ་ནས་རྨས་སྐྱོན་ཕོག་པ་དང་། མེ་དོང་ནང་ལྷུང་བར་སེམས་ཆུང་བྱེད་དགོས།

22མེ་གསོད་མཛུབ་སྟོན་ལས་ཁུངས་ཀྱི་མཛུབ་སྟོན་ལ་མི་ཉན་པ་དང་། ཡང་ན་མེ་གསོད་པར་འགོར་འགྱངས་བཟོས་ན། སྲིད་འཛིན་ཆད་པ་ཅི་ལྟར་བཅད་དགོས་སམ།
        གོང་ནས་བཤད་པ་ལྟར་བྱས་ན། ཆད་པ་སྒོར་ལྔ་བཅུ་ནས་བརྒྱ་གཅོད་པ་དང་ཡང་ན་ཉེན་བརྡ་གཏོང་དགོས།

23ནགས་ཚལ་གྱི་མེ་སྐྱོན་ལ་ཅི་ལྟར་རྟོག་ཞིབ་བྱེད་དགོས་སམ།
        ནགས་ཚལ་གྱི་མེ་སྐྱོན་བྱུང་རྗེས། ས་གནས་མི་དམངས་སྲིད་གཞུང་དང་ཡང་ན་ནགས་ཚལ་མེ་འགོག་མཛུབ་སྟོན་པུས་ཀྱིས་དེ་མ་ཐག་ཏུ། འབྲེལ་ཡོད་ལས་ཁུངས་ལ་རྩ་འཛུགས་བྱས་ཏེ། མེ་ཤོར་བའི་དུས་ཚོད་དང་ས་གནས། རྒྱུ་མཚན། མེ་སྐྱོན་བཟོ་མཁན། མེ་སྐྱོན་ཤོར་བའི་ནགས་ཚལ་གྱི་རྒྱ་ཁྱོན། མེ་གསོད་གནས་ཚུལ། འགྲོ་སོང་། གཞན་དཔལ་འབྱོར་གྱི་གྱོང་གུད་དང་། མི་ལ་ཤི་རྨས་ཐེབས་ཚད། རང་བྱུང་སྐྱེ་ཁམས་ལ་གནོད་པ་ཐེབས་ཚད་སོགས་ལ་རྟོག་ཞིབ་བྱེད་དགོས་ཤིང་། ཡིག་ཚགས་སུ་འགོད་དགོས།

24མེ་གསོད་མ་དངུལ་ཅི་ལྟར་གཏོང་དགོས་སམ།
༼༡༽ མི་སྒེར་ནགས་ཚལ་གྱི་མེ་སོད་ལ་ཞུགས་ན།  དེའི་རིང་གི་གླ་ཕོགས་དང་ཟ་གླ་འདུག་གླ་ནི་མི་དེ་ཡོད་སའི་ལས་ཁུངས་ཀྱིས་སྤྲད་དགོས།
༼༢༽  མེ་གསོད་པའི་རིང་གི་འགྲོ་སོང་གཞན་ནི། མེ་སྐྱོན་བཟོ་མཁན་གྱི་ལས་ཁུངས་ཀྱིས་སྤྲད་དགོས། མེ་སྐྱོན་འབྱུང་རྐྱེན་གསལ་བོ་མིན་ན། ནགས་ཚལ་ལ་མེ་ཤོར་སའི་དོ་དམ་ལས་ཁུངས་ཀྱིས་སྤྲད་དགོས། མེ་སྐྱོན་བཟོ་བའི་ལས་ཁུངས་དང་ཡང་ན་ནགས་ཚལ་ལ་མེ་སྐྱོན་ཤོར་སའི་དོ་དམ་ལས་ཁུངས་ལ་འགྲོ་གྲོན་སྟེར་བའི་ནུས་པ་མེད་ན། ས་གནས་མི་དམངས་སྲིད་གཞུང་གིས་སྟེར་དགོས།

25ནགས་ཚལ་གྱི་མེ་གསོད་པར་ཞུགས་མཁན་ལ་གཏན་འབེབས་ཅི་འདྲ་ཡོད་དམ།
        ནགས་ཚལ་གྱི་མེ་གསོད་ལ་ཞུགས་པའི་བཀའ་འབྱོར་བའི་ལས་ཁུངས་དང་མི་སྒེར་སུ་ཡིན་རུང་།  དུས་ཚོད་ལྟར་མེ་ཤོར་སར་སོང་ནས་མེ་གསོད་དགོས།   ནར་མ་སོན་པའི་མི་དང་སྦྲུམ་མ། དབང་བོ་སྐྱོན་བཅས་མེ་གསོད་ལ་ཞུགས་པར་རྩ་འཛུགས་བྱ་མི་ཉན།

26ནགས་ཚལ་གྱི་མེའི་ཉེན་ཁ་དང་།  མེ་སྐྱོན་ལ་ཁྱད་པར་ཅི་ཞིག་ཡོད་དམ།
        མེ་ཤོར་སའི་ནགས་ཚལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་གཅིག་མན་ཡིན་པ་དང་། ཡང་ན་ནགས་ཚལ་གཞན་ལ་མེ་ཤོར་བར་ནགས་ཚལ་གྱི་མེའི་ཉེན་ཁ་ཞེས་འབོད། སྤྱིར་བཏང་གི་ནགས་ཚལ་གྱི་མེ་སྐྱོན་ཡིན་ན།  མེ་ཡིས་གནོད་པ་ཐེབས་པའི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་གཅིག་ཡན་དང་སྤྱི་ཆིང་བརྒྱ་མན་ཡིན། ནགས་ཚལ་གྱི་མེ་སྐྱོན་ཆེན་པོ་ཡིན་ན། མེ་ཡིས་གནོད་པ་ཐེབས་པའི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་བརྒྱ་ཡན་དང་སྤྱི་ཆིང་སྟོང་མན་ཡིན། ནགས་ཚལ་གྱི་མེ་སྐྱོན་ཧ་ཅང་ཆེན་པོ་ཡིན་ན། མེ་ཡིས་གནོད་པ་ཐེབས་པའི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་སྟོང་ཡན་ཡིན།

27མེ་གསོད་པའི་གོ་རིམ་ཁྲོད་མིར་རྨས་སྐྱོན་ཐེབས་པའི་དོན་རྐྱེན་རིགས་དུ་ཡོད་དམ།
        ༼༡༽མེ་ཡིས་འཚིག་ནས་རྐྱེན་ལམ་དུ་ཤོར་བ་སྟེ།མེ་ཤོར་བའི་སྐབས་མེ་སོད་མཁན་ཉེན་ཁ་ཆེ་ས་ནས་འབྲོ་ཁོམ་མ་བྱུང་བར་རྐྱེན་ལམ་དུ་ཤོར་སྲིད།ཚོད་ལྟའི་གཞི་གྲངས་ལྟར་ན།མེའི་དྲོད་ཚད་800—1000℃ཡིན་པའི་སྐབས་སུ། མི་ནི་སྐར་ཆ་བདུན་ཚེག་ལྔ་ནས་སྐར་ཆ་བཅོ་བརྒྱད་ལས་གསོན་མི་ཐུབ། 
        ༼༢༽དབུགས་ཀྱི་རྒྱུ་བ་ཆད་པ་སྟེ། གཅིག་གནས་དབྱང་གཅིག་ཐཱན་རྫས་ཀྱིས་དུག་ཕོག་ནས་བརྒྱལ་བ་དང་རྐྱེན་ལམ་དུ་ཤོར་ངེས། མཁའ་དབུགས་ཁྲོད་དུ་དབྱང་གཅིག་ཐཱན་རྫས་1%ཡན་ཡོད་ན།  ལུས་པོ་བདེ་ཐང་མིན་པའི་མི་སྐར་མ་གཅིག་གི་ནང་ལ་རྐྱེན་ལམ་དུ་ཤོར་ངེས།  ལུས་པོ་ཅུང་བདེ་ཐང་ཡིན་ན་སྐར་མ་གཉིས་ལས་གསོན་མི་ཐུབ། གཉིས་ནས་མེ་ཡི་མདུན་ཕྱོགས་ནས་དྲོད་རླབས་འཕྱུར་ན།  མིད་པ་སྐྲང་ནས་རྐྱེན་ལམ་དུ་ཤོར་སྲིད།  
        ༼༣༽ ཐང་ལ་འགྱེལ་ནས་རྐྱེན་ལམ་དུ་ཤོར་བ་སྟེ།  གཙོ་བོ་མེ་སོད་པའི་སྐབས་སུ་ཤིང་སྡོང་འགྱེལ་བ་དང་རྡོ་འགྲིལ་བ། ཡང་ན་ངོས་གཟར་བོ་ནས་ལྷུང་སྟེ་རྨས་ཕོག་པ་དང་རྐྱེན་ལམ་དུ་ཤོར་སྲིད།  
        ༼༤༽མེ་སོད་པའི་གོ་རིམ་དང་སྒྲིག་སྲོལ་ལ་འགལ་ནས་རྐྱེན་ལམ་དུ་ཤོར་བ་སྟེ།   མེ་སོད་པའི་གོ་རིམ་ཁྲོད་ལྕགས་ཁེམ་སོགས་ལག་ཆ་བཀོལ་དུས། བར་ཐག་ངེས་ཅན་མི་འཇོག་པར་ཕན་ཚུན་ཐུག་ནས་རྨས་སྐྱོན་ཕོག་ངེས།

28ཐོན་སྐྱེད་རང་བཞིན་གྱི་མེ་སྐྱོན་འབྱུང་ཁུངས་ལ་ཅི་ལྟར་སྔོན་འགོག་བྱེད་དགོས།
        ཐོན་སྐྱེད་རང་བཞིན་གྱི་མེ་སྐྱོན་འབྱུང་ཁུངས་ནི་ཐང་རྒོད་ཀྱི་རྩྭ་བསྲེག་པ་དང་།  ཞིང་ནང་དུ་མེ་འབུད་པ། ཤོག་སྦག་ལ་མེ་བཀོལ་བ། མེ་སྐྱོན་འབྱུང་ཁུངས་འདི་དག་སྔོན་འགོག་བྱེད་དགོས་ན། རི་མགོ་ནས་མེ་བཀོལ་བའི་ཆོག་མཆན་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས། ནགས་ཚལ་གྱི་མེ་སྐྱོན་ལ་སྔོན་འགོག་བྱེད་དུས་ཐོན་སྐྱེད་རང་བཞིན་གྱི་མེ་བཀོལ་བར་སྔོན་འགོག་བྱེད་པ་གལ་ཆེན་རེད།  ཐོན་སྐྱེད་རང་བཞིན་གྱི་མེ་བཀོལ་བའི་ལས་ཁུངས་དང་མི་སྒེར་གྱིས། ངེས་པར་དུ་ས་གནས་ཀྱི་གཏན་འབེབས་ཀྱི་ཁྱབ་ཁོངས་ནས། སྲིད་གཞུང་དང་ནགས་ཚལ་གྱི་མེ་འགོག་ལས་སྒྲུབ་ལས་ཁུངས་ཀྱིས་ཆོག་མཆན་ཡོད་པའི་འོག  འགོ་ཁྲིད་མེད་ན་མེ་མི་སྒྲོན་པ་དང་། སྐམ་ཤས་ཆེ་སར་མེ་མི་སྒྲོན་པ། རིམ་པ་གསུམ་ཡན་གྱི་རླུང་ཡོད་ན་མེ་མི་སྒྲོན་པ།  མེ་འགོག་སྲུང་ཐིག་མེད་ན་མེ་མི་སྒྲོན་པ།  མེ་གསོད་མི་སྣ་མེད་ན་མེ་མི་སྒྲོན་པ། མེ་གསོད་ལག་ཆ་མེད་ན་མེ་མི་སྒྲོན་པ་བཅས་ལ་བརྩི་སྲུང་ནན་མོ་བྱ་དགོས།

29རང་རྒྱལ་གྱི་ནགས་ཚལ་གྱི་མེ་འགོག་ཐབས་ཇུས་ནི་ཅི་ཞིག་ཡིན་ནམ།
        རང་རྒྱལ་གྱི་ནགས་ཚལ་གྱི་མེ་འགོག་ཐབས་ཇུས་ནི་སྔོན་འགོག་གཙོ་བོར་འཛིན་པ་དང་མེ་དུས་ལྟར་སོད་པ་དེ་རེད། སྔོན་འགོག་ནི་ནགས་ཚལ་གྱི་མེ་སྐྱོན་འགོག་པའི་སྔོན་འགྲོ་དང་གནད་འགག་རེད། མེ་སོད་པ་ནི་མེ་སྐྱོན་ཆུང་དུ་གཏོང་བའི་སྐྱོབ་ཐབས་རེད།   སྔོན་འགོག་གི་ལས་དོན་ཡག་པོ་བསྒྲུབ་ན།  མེ་སྐྱོན་མི་འབྱུང་བ་དང་མེ་སྐྱོན་ཉུང་ཉུང་ལས་མི་འབྱུང་བར་ཕན་ཐོགས་ཡོད།  མེ་སྐྱོན་འབྱུང་ན།  བྱེད་ཐབས་ཡག་པོ་བཀོལ་ནས་མེ་སོད་དགོས། དེའི་ཕྱིར། ནགས་ཚལ་གྱི་མེ་སྐྱོན་འགོག་ཐབས་རིགས་སོ་སོའི་ཁྲོད་དུ།  ང་ཚོས་ཕྱོགས་གཉིས་ནས་དམ་འཛིན་བྱེད་དགོས་ཏེ།  ཕྱོགས་གཅིག་ནས་སྔོན་འགོག་དང་།  ཕྱོགས་གཞན་ཞིག་ནས་མེ་སོད་པར་མཐོང་ཆེན་བྱེད་དགོས།

30ནགས་ཚལ་གྱི་མེ་སྐྱོན་འགོག་སྐྱོབ་བྱེད་པའི་འཐབ་ཇུས་རིགས་གང་དག་ཡོད།
༼        ༡༽མེ་གསོད་སའི་གཙོ་ཕལ་དགར་བའི་འཐབ་ཇུས་ཏེ། མེ་སྐྱོན་གྱི་ཆེ་ཆུང་ལྟར།མེ་སོད་ས་ཁུལ་གཙོ་བོ་དང་ཕལ་བ་དགར་དགོས། མེ་ཤོར་སའི་ཉེ་འཁོར་དུ་རང་བྱུང་དང་མིས་བཟོས་ཀྱི་མེ་འགོག་དངོས་པོ་མེད་ན།  མེ་ལྕེ་མུ་མཐུད་དུ་མཆེད་སྲིད་པས། དེ་ནི་མེ་སོད་ཀྱི་ས་ཁུལ་གཙོ་བོར་འཛིན་དགོས།མེ་ཤོར་སའི་མཐའ་འཁོར་དུ་རང་བྱུང་དང་མིས་བཟོས་ཀྱི་མེ་འགོག་དངོས་པོ་ཡོད་ན། མེ་ལྕེ་མཆེད་མཚམས་འཇོག་སྲིད་པས།  དེ་ནི་མེ་གསོད་ས་ཁུལ་ཕལ་བར་བཟུང་ཆོག  སྔོན་ལ་མེ་སྐྱོན་ཆེ་སའི་མེ་གསོད་དགོས་ལ དེ་ནས་མཉམ་དུ་མེ་སྐྱོན་ཆུང་སའི་མེ་སོད་དགོས། 
        ༼༢༽སྔོན་ལ་མེ་ལྕེ་མཆེད་མཚམས་བཅད་དགོས་ཤིང་།  དེ་ནས་མེ་རྩ་བ་ནས་གསོད་དགོས། 
        ༼༣༽མེ་གསོད་པ་དང་སྔོན་འགོག་ཟུང་འབྲེལ་བྱས་ནས་མེ་གསོད་པ་གཙོ་བོར་འཛིན་དགོས་ཏེ།  མེ་ལྕེ་མཆེད་པ་ཚབས་ཆེ་བའི་གནས་ཚུལ་འོག  མེ་ལྕེ་མཆེད་པའི་ཁ་ཕྱོགས་གཙོ་བོར་འོས་འཚམ་གྱིས་འགོག་སྲུང་བྱེད་དགོས་ལ། མེ་སོད་ཞོར་དུ་ས་ཆ་གཞན་ལ་མུ་མཐུད་དུ་མི་འབར་བར་སྔོན་འགོག་བྱེད་དགོས། 
        ༼༤༽ སྟོབས་ཤུགས་གཅིག་བསྡུས་ཀྱིས་མེ་སོད་དགོས།  མེ་ལྕེ་མཆེད་པའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་བའི་གོ་རིམ་ཁྲོད། མེ་གསོད་མཛུབ་སྟོན་པས་སྤྱིའི་གནས་ཚུལ་ལ་བལྟས་ནས། གནད་འགག་གི་ས་ཁུལ་ལ་སྔོན་འགོག་དང་། ཉེན་ཁ་ཆེ་བའི་ས་ཁུལ་ལ་འགོག་སྲུང་བྱས་ཏེ།མེ་གསོད་པའི་གོ་སྐབས་ཡག་པོ་དམ་འཛིན་བྱས་ནས། སྟོབས་ཤུགས་གཅིག་སྒྲིལ་གྱིས་མེ་གསོད་དགོས། 
        ༼༥༽བྱེ་བྲག་བློས་བཏང་ནས། སྤྱིའི་ཆ་ནས་སྲུང་སྐྱོང་བྱེད་དགོས་ཏེ། ནགས་ཚལ་གྱི་ཐོན་ཁུངས་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་སྔར་ལས་བཟང་པོ་བྱེད་ཆེད། མེ་ལྕེ་ཆེན་པོ་མཆེད་པའི་སྐབས་སུ།  མི་ཤུགས་ཀྱིས་མི་འདང་བའི་གནས་ཚུལ་འོག་བྱེ་བྲག་བློས་བཏང་ནས།སྤྱིའི་གནས་བབ་ལ་སྲུང་སྐྱོང་བྱེད་དགོས། སྲུང་སྐྱོང་ཀྱི་གོ་རིམ་ནི། མི་གཙོ་བོར་འཛིན་པ་དང་རྒྱུ་ནོར་ཕལ་བར་འཛིན་པ་དང་། ནགས་ཚལ་གལ་ཆེན་གཙོ་བོར་འཛིན་པ་དང་སྤྱིར་བཏང་གི་ནགས་ཚལ་ཕལ་བར་འཛིན་དགོས་ལ།  གལ་ཏེ་མེ་སྐྱོན་གྱིས་ནགས་ཚལ་དང་ལོ་རྒྱུས་རིག་དངོས་ལ་གནོད་པ་ཐེབས་པའི་སྐབས་སུ། སྔོན་ལ་རིག་དངོས་ལ་སྲུང་སྐྱོང་དང་དེ་ནས་ནགས་ཚལ་ལ་སྲུང་སྐྱོང་བྱེད་དགོས།

31ནགས་ཚལ་གྱི་མེ་སོད་པར་བྱེད་ཐབས་གང་དག་ཡོད་དམ།
        ༼༡༽དྲོད་ཚད་ཇེ་དམའ་རུ་གཏོང་དགོས་ཏེ། འབར་རྫས་དང་འབར་སླ་བའི་དངོས་པོའི་དྲོད་ཚད་ཆུང་དུ་བཏང་ནས་འབར་མཚམས་འཇོག་ཏུ་འཇུག་དགོས། གཙོ་བོ་ཆུ་འཁྱག་པ་བླུག་ནས་འབར་མཚམས་གཅོད་གང་ཐུབ་བྱེད་དགོས།  ས་རློན་པ་ཡིས་འབར་སླ་བའི་དངོས་པོ་བཀབ་ན་ཡང་དྲོད་ཚད་ཇེ་ཆུང་དུ་གཏོང་ཐུབ། 
        ༼༢༽མེ་འབར་སའི་ས་མཚམས་བཅད་དགོས་ཏེ།འབར་རྫས་དང་འབར་སླ་བའི་དངོས་རྫས། འབར་སྲིད་པའི་དངོས་རྫས་བཅས་ཀྱི་མཚམས་བཅད་ནས། མེ་ལྕེ་མུ་མཐུད་དུ་མཆེད་པར་སྔོན་འགོག་བྱེད་དགོས། མེ་མཆེད་པར་སྔོན་འགོག་བྱེད་ཆེད།  མེ་འགོག་སྲུང་ཐིག་དང་མེ་འགོག་གྲོག་ཤུར།  མེ་འགོག་གྱང་སོགས་ལས་པ་དང་།  མེ་འགོག་ནགས་ཚལ་དུ་རྫས་འགྱུར་གྱི་མེ་སོད་དངོས་རྫས་སོགས་བཀོལ་ནས།  མེ་ལྕེ་མུ་མཐུད་དུ་ས་ཆ་གཞན་ལ་མཆེད་པར་སྔོན་འགོག་བྱེད་དགོས། 
        ༼༣༽ནགས་ཚལ་ཏུ་མེ་འབར་བར་བྱེད་པའི་དབྱང་དབུགས་སོགས་མེད་པར་གཏོང་བའམ་ཇེ་ཉུང་དུ་བཏང་ནས་མེ་གསོད་དགོས་ལ།  མེ་གསོད་ལག་ཆ་ཡིས་མེ་གསོད་པ་དང་། བྱེ་མ་ཡིས་མེ་གསོད་པ། རྫས་འགྱུར་དངོས་རྫས་ཀྱིས་དབྱང་དབུགས་མེད་པར་གཏོང་བ་བཅས་བྱེད་དགོས། བྱེད་ཐབས་འདི་དག་ནི་མེ་ཤོར་མ་ཐག་བཀོལ་དགོས།  མེ་ལྕེ་དྲག་ཏུ་མཆེད་རྗེས་བྱེད་ཐབས་འདི་འདྲ་སྤྱད་ན་དཀའ་ལས་ཆེ་ཞིང་ཕན་ཆེན་པོ་མི་ཐོགས།
    
32རང་ཉིད་ཉེན་ཁ་ལས་ཐར་ཐབས་གང་དག་ཡོད་དམ།
        ༡༽བདེ་འཇགས་ཡིན་སར་འགྲོ་དགོས། མེ་གསོད་པའི་སྐབས་སུ། མེ་འབར་བའི་གནས་ཚུལ་ལ་རྟོག་ཞིབ་བྱེད་དགོས། མེ་ལྕེ་དྲག་ཏུ་མཆེད་པའི་གནས་ཚུལ་འབྱུང་ན།  མེ་གསོད་མཁན་རྣམས་མེ་ལྕེ་མི་མཆེད་པའི་ཕྱོགས་དང་སྔོ་ཁེབས་ཉུང་སར་འགྲོ་དགོས། 
        ༼༢༽འོས་འཚམ་སྒོས་མེ་སྒྲོན་ནས་རང་ཉིད་སྐྱོབ་པ།   གཅིག་གྱུར་གྱིས་མཛུབ་སྟོན་བྱེད་དགོས་ཏེ།  ས་ངོས་སྙོམས་ས་ནས་རླུང་གི་རྒྱུ་ཕྱོགས་ལྟར་མེ་སྒྲོན་ཞོར་དུ།  མེ་ལྕེའི་ཟུར་ངོས་གཉིས་ནས་མེ་གསོད་དགོས་ལ།   མེ་ལྕེའི་ཁ་ཕྱོགས་ལྟར་མདུན་དུ་བསྐྱོད་དེ།  མེ་འབར་ཤུལ་ནས་མེ་ལ་གཡོལ་དགོས།
        ༼༣༽ཉེན་ཁ་ལས་ཐར་ཐབས་བྱེད་དགོས་ཏེ།  ཉེན་ཁ་དང་ཕྲད་ན།  ཉེ་འཁོར་གྱི་སྔོ་ཁེབས་ཉུང་ས་ནས་སར་ལོག་སྟེ་རང་ལ་སྲུང་སྐྱོང་ནན་མོ་བྱེད་དགོས། 
        ༼༤༽ རླུང་ལྡང་ཕྱོགས་འགྱུར་བ་དང་བསྟུན་ནས་ཉེན་ཁ་ལས་ཐར་ཐབས་བྱེད་དགོས་ཏེ།   རླུང་ལྡང་ཕྱོགས་འགྱུར་ནས་མེ་ལྕེ་མཆེད་ཕྱོགས་འགྱུར་ན།  མཛུབ་སྟོན་པས་མཛུབ་སྟོན་བྱེད་དགོས་ལ།   མེ་གསོད་མཁན་གྱི་ངོས་ནས་རྩྭ་མང་པོ་མེད་སར་བྲོས་ཏེ།  གོན་པ་ཡིས་མགོ་བཏུམ་དགོས་ཤིང་།  དབུགས་ལེན་དགོས་ཏེ།  སྐར་ཆ་བདུན་ལྷག་གི་རིང་ལ་མེ་ལྕེར་རྒོལ་ཐུབ།   མེ་ལྕེ་མཆེད་ཕྱོགས་ལ་འབྲོ་མི་ཉན་ཏེ། ཁ་ཕྱིར་འཁོར་ནས་འབྲོ་དགོས།

33མེ་གསོད་དུས་བདེ་འཇགས་ཀྱི་བྱེད་ཐབས་ཅི་ལྟར་ཇེ་བཟང་དུ་གཏོང་དགོས།
        ༼༡༽  མེ་གསོད་པའི་ཉམས་མྱོང་ཡོད་མཁན་ལ་མཛུབ་སྟོན་བྱེད་དུ་འཇུག་དགོས།
        ༼༢༽གནས་སྐབས་སུ་རྩ་འཛུགས་བྱས་པའི་མེ་སོད་མཁན་ལ། ངེས་པར་དུ་མེ་གསོད་པའི་ས་ཁུལ་དང་ཚོ་ཆུང་གི་འགན་འཁུར་པ་གཏན་འཁེལ་བྱེད་དགོས། 
        ༼༣༽མེ་གསོད་ཀྱི་སྒྲིག་ལམ་དང་བདེ་འཇགས་ཀྱི་དོན་ཚན་གཏན་འཁེལ་བྱེད་དགོས།
        ༼༤༽  མེ་གསོད་ལག་ཆ་བླང་བྱ་དང་འཚམ་མིན་ལ་ཞིབ་བཤེར་བྱེད་དགོས་ཤིང་། མེ་གསོད་གོན་པ་ཆེན་པོ་གྱོན་དགོས་ལ། འབར་སླ་མོ་ཡིན་མི་ཉན། 
        ༼༥༽  མེ་འབར་བའི་གནས་ཚུལ་ལ་རྟོག་ཞིབ་བྱེད་དགོས་ཏེ།   མེ་སོད་པའི་ཡུལ་དངོས་ནས་ཆ་འཕྲིན་དང་སྐྱོབ་སྲུང་སོགས་ལ་འགན་སྲུང་ཡོད་པར་བྱེད་དགོས། 
        ༼༦༽ འབྲོ་ས་དང་བདེ་འཇགས་ཁུལ་སྔ་མོ་ནས་བཀོད་སྒྲིག་བྱེད་དགོས།
        ༼༧༽མེ་འབར་སའི་མཇུག་ནས་མེ་གསོད་པ་དང་།  མེ་འབར་སའི་ཕྱོགས་གཉིས་ནས་རིམ་བཞིན་མེ་གསོད་དགོས། 
        ༼༨༽  རླུང་ལྡང་སའི་ཕྱོགས་ནས་མེ་གསོད་མི་ཉན། རི་འདབས་ནས་རི་མགོར་མཆེད་པའི་མེ་ལྕེ་གསོད་མི་ཉན་ལ། གཡང་གཟར་དང་གྲོག་རོང་གཟར་ས་ནས་མེ་གསོད་མི་ཉན།  རླུང་ཆེ་དུས་དང་འབར་སླ་བའི་དངོས་རྫས་ཡོད་ས་ནས་མེ་གསོད་མི་ཉན།
        ༼༩༽ མེ་གསོད་ལག་ཆ་བཀོལ་ཤེས་དགོས།

34རྒྱུན་བཀོལ་གྱི་མེ་གསོད་ཐབས་རྩལ་གང་དག་ཡོད་དམ།
        ༼༡༽ཕྱོགས་གཅིག་ནས་ཐོད་བརྒལ་བྱས་ཏེ་ཕྱོགས་གཞན་དག་ནས་དེ་བཞིན་དུ་མཉམ་རོགས་བྱེད་ཐབས། དེ་ནི་མེ་གསོད་རུ་ཁག་གིས་ཕྱོགས་ཤིག་ནས་མེ་གསོད་པ་དང་། ཁག་གཉིས་ལ་བགོས་ནས་ཕྱོགས་གཉིས་ནས་མེ་གསོད་དགོས་ཤིང་། མཐར་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས།མེ་གསོད་ཐབས་འདི་ལ་མཚོན་ན་ཐོད་བརྒལ་བྱེད་པ་ནི་གནད་འགག་རེད།    མེ་འབར་ཤུགས་ཆེ་ས་རུ་མེ་གསོད་སྟོབས་ཤུགས་ཆེན་པོ་བཀོལ་དགོས་ཤིང་། མེ་འབར་ཤུགས་ཆུང་ཕྱོགས་ནས་མེ་གསོད་མཁན་ཉུང་ཤས་ཤིག་འདུག་དགོས། མེ་གསོད་ཐབས་འདི་ལ་ཁྱད་ཆོས་ཤིག་ཡོད་པ་ནི།  མེ་གསོད་རུ་ཁག་ཅིག་གིས་བསྟུད་མར་མེ་གསོད་དགོས་པ་དང་། མེ་ལྕེ་མཆེད་པའི་གནས་ཚུལ་ལ་འགྱུར་བ་མི་ཆེ་བའི་གནས་ཚུལ་འོག་བཀོལ་དགོས།  འོན་ཀྱང་མེ་གསོད་ནུས་པ་ལ་ཚད་ཡོད་པས མེ་སྐྱོན་ཆེན་པོ་ཡོད་སར་བྱེད་ཐབས་འདི་བཀོལ་ན་འོས་འཚམ་མིན།  
        ༼༢༽ཕྱོགས་མང་པོ་ནས་ཐོད་བརྒལ་བྱས་ཏེ།མཐར་སྟོབས་ཤུགས་མཉམ་འདོན་བྱེད་ཐབས།  འདི་ནི་མགྱོགས་མྱུར་གྱིས་མེ་གསོད་ཐབས་ཤིག་རེད། ལག་བསྟར་བྱེད་དུས་མེ་གསོད་རུ་ཁག་འགའ་ཡིས། ཐོད་བརྒལ་བྱེད་ས་གཉིས་ཡན་གཏན་འཁེལ་བྱས་ནས། རིམ་པ་བཞིན་མེ་གསོད་དགོས་ལ། ཐོད་བརྒལ་གནས་སོ་སོའི་བར་སྟོབས་ཤུགས་མཉམ་འདོན་གྱི་རྣམ་པ་ཞིག་གྲུབ་དགོས་ལ། ས་ཁུལ་བགོས་ནས་མགྱོགས་མྱུར་སྒོས་མེ་གསོད་དགོས།  བྱེད་ཐབས་འདིའི་ཁྱད་ཆོས་ནི།  ཐོད་བརྒལ་གནས་མང་པོ་ཡོད་ལ། མེ་གསོད་མཁན་མཁན་མང་པོ་ཡོད་པ་སོགས་ཀྱི་དབང་གིས།  མེ་གསོད་ཀྱི་གྲུབ་འབྲས་ཆེ་ལ།  མེ་གསོད་རུ་ཁག་གིས་རྒྱུན་དུ་བཀོལ་བའི་བྱེད་ཐབས་ཤིག་རེད། 
        ༼༣༽ཕྱོགས་བཞི་ནས་བསྐོར་ཏེ། ཁྱོན་ཡོངས་ནས་མེ་གསོད་ཐབས།  བྱེད་ཐབས་འདི་ནི་མེ་གསོད་མཁན་མང་པོ་ཡོད་པའི་གནས་ཚུལ་འོག་འབར་མ་ཐག་པའི་མེ་གསོད་པ་དང་། མེ་ཤོར་བའི་གཞི་ཁྱོན་ཆུང་སར་བཀོལ་བའི་མེ་གསོད་ཐབས་ཤིག་ཡིན་ལ།  གཙོ་བོ་ཁྱོན་ཡོངས་ནས་མེ་གསོད་པ་དང་ཕྱོགས་བཞི་ནས་ནུས་པ་འདོན་པའི་མེ་གསོད་ཐབས་ཤིག་རེད། མེ་གསོད་པ་དང་སྤྱིའི་གནས་བབ་ལ་དོ་སྣང་བྱེད་ཞོར།  མེ་སྐྱོན་ལ་སྔོན་འགོག་བྱེད་ལ།  མེ་སྐྱོན་གྱི་གནས་ཚུལ་དང་རླུང་གི་ལྡང་ཕྱོགས་ལྟར། མེ་གསོད་རུ་ཁག་བཀོད་སྒྲིག་བྱེད་དགོས། 
        ༼༤༽ཐེངས་གཅིག་གིས་ཁྱོན་ཡོངས་ནས་ཚོད་འཛིན་བྱེད་ཐབས། བྱེད་ཐབས་འདི་ལག་བསྟར་བྱེད་དུས་མེ་གསོད་རུ་ཁག་གི་སྟོབས་ཤུགས་ཡོད་ཚད་མེ་འབར་སའི་ཕྱོགས་གཅིག་དང་ཡང་ན་ཕྱོགས་གཉིས་སུ་བཀོད་སྒྲིག་བྱས་ནས།  སྟོབས་ཤུགས་གང་ཡོད་ཀྱིས་མེ་གསོད་དགོས་ལ། མེ་རོ་གསོད་པ་དང་མེ་འབར་ཤུལ་གཙང་སྦྲ་བྱེད་པའི་རུ་ཁག་བཀོད་སྒྲིག་མི་བྱེད་པར། ཚང་མས་མཉམ་དུ་དུས་ཡུན་ཐུང་ཐུང་ནང་མེ་གསོད་དགོས།  བྱེད་ཐབས་འདི་ནི་སྡོད་ཁང་དང་རྨང་གཞིའི་སྒྲིག་ཆས་ལ་མེ་ཤོར་ནས། རྒྱལ་ཁབ་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་པ་ཐེབས་དུས་བཀོལ་སྤྱོད་བྱེད་དགོས།

35ནགས་ཚལ་གྱི་མེ་སྐྱོན་ལ་གནོད་པ་དང་མཇུག་འབྲས་ཅི་འདྲ་ཡོད་དམ།
        ༼༡༽ནགས་ཚལ་ལ་མེ་སྐྱོན་འབྱུང་ན་ཤིང་སྡོང་མང་པོ་འཚིག་པ་མ་ཟད།ནགས་ཚལ་གྱི་སྟུག་ཚད་དང་ནགས་ཚལ་གྱི་གྲུབ་ཚུལ་ལ་གནོད་པ་ཐེབས།ད་དུང་ཤིང་སྡོང་གི་རིགས་ལ་འགྱུར་བ་བཏང་ནས། ནགས་ཚལ་གྱི་བེད་སྤྱོད་རིན་ཐང་ཇེ་ཆུང་དུ་གཏོང་། 
        ༼༢༽ ནགས་ཚལ་མེས་འཚིག་ན་ནགས་ཚལ་གྱི་ས་ཆུ་སྲུང་འཛིན་གྱི་ནུས་པ་ཉམས་ནས། ཆུ་ལོག་དང་ཐན་སྐམ། འདམ་རྡོའི་ཆུ་རུད། བྱེ་རླུང་སོགས་རང་བྱུང་གནོད་འཚེ་རིགས་མང་པོ་འབྱུང་སྲིད། 
        ༼༣༽མེ་ཡིས་འཚིག་པའི་ཤིང་སྡོང་གི་སྐྱེ་འཕེལ་ནུས་པ་ཉམས་ནས། ནགས་ཚལ་དུ་གནོད་འབུ་མང་པོ་འབྱུང་སྟེ་ཤིང་སྡོང་སྐམ་སྲིད།  ནགས་ཚལ་མེས་འཚིག་ན།ནགས་ཚལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་ནས།གནམ་གཤིས་དང་ཆུ་ཁོངས།ས་གཤིས་སོགས་ནགས་ཚལ་གྱི་སྐྱེ་ཁམས་ལ་གནོད་པ་ཐེབས་ནས།ལོ་བཅུ་ཕྲག་འགའ་ནས་བརྒྱ་ལྷག་ལ་སླར་གསོ་མི་ཐུབ། 
        ༼༤༽ནགས་ཚལ་མེས་འཚིག་ན་ནགས་གསེབ་ཀྱི་ཐོན་སྐྱེད་སྒྲིག་ཆས་དང་འཛུགས་སྐྲུན་དངོས་པོ་ལ་གནོད་པ་ཐེབས་ནས།  ནགས་ཚལ་གྱི་ཉེ་འགྲམ་ན་ཡོད་པའི་གྲོང་སྡེ་དང་གྲོང་རྡལ། ནགས་ཁུལ་ན་ཡོད་པའི་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་པ་ཐེབས། དེ་དང་དུས་མཚུངས་སུ་ནགས་ཚལ་ལ་མེ་ཤོར་ན་རི་དྭགས་རྩ་ཆེན་ཡང་མེས་འཚིག་ངེས། ནགས་ཚལ་ལ་མེ་སྐྱོན་བྱུང་ན་ད་དུང་དུ་བ་ཆེན་པོ་འཕྱུར་ནས་མཁའ་དབུགས་ལ་འབག་བཙོག་བཟོ། དེ་ལས་གཞན་ནགས་ཚལ་གྱི་མེ་སྐྱོན་འགོག་པར་མི་ཤུགས་དང་རྒྱུ་ནོར་མང་པོ་གཏོང་དགོས་པས།  བཟོ་ལས་དང་ཞིང་ལས་ཀྱི་ཐོན་སྐྱེད་ལ་གནོད་པ་ཐེབས། སྐབས་རེར་མི་རྐྱེན་ལམ་དུ་ཤོར་ནས།  སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པ་ཐེབས།

36ནགས་ཚལ་གྱི་མེ་སྐྱོན་ལ་སྔོན་འགོག་བྱེད་ཐབས་གལ་ཆེན་གང་དག་ཡོད་དམ།
        ༼༡༽ནགས་ཚལ་གྱི་མེ་འགོག་རྩ་འཛུགས་དང་ལས་ཁུངས་འཐུས་ཚང་དུ་གཏོང་དགོས།  ༼ནགས་ཚལ་གྱི་མེ་འགོག་སྲོལ་ཡིག༽ཅེས་པ་ལས་གཏན་འབེབས་བྱས་པ་ལྟར།ནགས་ཚལ་གྱི་མེ་འགོག་ལས་དོན་བསྒྲུབ་པར་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་སྲིད་འཛིན་འགོ་ཁྲིད་ཀྱིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱས་ཏེ།  འབྲེལ་ཡོད་ལས་ཁུངས་ཀྱིས་ནགས་ཚལ་གྱི་མེ་འགོག་མཛུབ་སྟོན་པུས་འཛུགས་དགོས། 
        ༼༢༽ནགས་ཚལ་གྱི་མེ་སྐྱོན་འགོག་པར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས་ཏེ། ༼ནགས་ཚལ་གྱི་མེ་འགོག་སྲོལ་ཡིག༽ཅེས་པ་གཞིར་བཟུང་ནས།  གཞི་རིམ་དང་རྨང་གཞི་གཙོ་བོར་འཛིན་དགོས་ཤིང་། བྱེ་བྲག་གི་བྱེད་ཐབས་ཐོད་བརྒལ་གྱི་གནད་འགག་ལ་བཟུང་ནས།  སྔོན་འགོག་གཙོ་བོར་འཛིན་པ་དང་ནུས་ཤུགས་གང་ཡོད་ཀྱིས་ནགས་ཚལ་གྱི་མེ་འགོག་དང་མེ་སོད་ཀྱི་ཐབས་ཇུས་དོན་འཁྱོལ་བྱེད་དགོས།  བཅོས་བསྒྱུར་དང་གསར་གཏོད་བྱས་ནས།གཞི་རིམ་དང་རྨང་གཞིར་བརྟེན་པ་དང་།  ཡུལ་ཚོ་དང་གྲོང་སྡེ་ཡིས་ལག་ལེན་བྱེད་པ། མང་ཚོགས་ཀྱིས་སྔོན་འགོག་དང་བཅོས་སྐྱོང་། རང་གིས་སྔོན་འགོག་དང་རང་སྐྱོབ་བྱེད་པའི་ནགས་ཚལ་གྱི་མེ་འགོག་ནང་རྐྱེན་གསར་བ་འཛུགས་དགོས། 
ནང་དོན་གཙོ་བོ་ནི།
        ༡དྲིལ་བསྒྲགས་སློབ་གསོ་ཡག་མོ་སྤེལ་དགོས། 
        ༢རི་མགོ་ནས་མེ་བཀོལ་བར་དོ་དམ་ནན་མོ་བྱེད་དགོས། 
        ༣མེ་འགོག་ལས་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། 
        ༤མེ་འགོག་རུ་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། 
        ༥མཛུབ་སྟོན་ནུས་པ་ཆེ་རུ་གཏོང་དགོས།  
        ༦ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། 
       ༧ནགས་ཚལ་ལ་མེ་སྐྱོན་བྱུང་རྗེས་ཀྱི་གནད་ཐག་གཅོད་ཡག་མོ་བྱེད་དགོས།

37ནགས་ཚལ་གྱི་མེ་སོད་པར་རྩ་བའི་རིགས་པ་དང་གཞི་རྩའི་བྱེད་ཐབས་གང་དག་ཡོད།
        ནགས་ཚལ་གྱི་མེ་གསོད་པའི་སྐབས་སུ། མེ་སྐྱོན་བྱུང་བའི་རྒྱུ་རྐྱེན་གང་རུང་ལ་ཚོད་འཛིན་ཐུབ་ན།  མེ་གསོད་ཐུབ།
རྩ་བའི་རིགས་པ། 
        ༡འབར་སླ་བའི་དངོས་པོའི་དྲོད་ཚད་དམའ་མོར་གཏོང་བ། འབར་བའི་ཚད་ལས་དམའ་བ། 
        ༢ འབར་སླ་བའི་དངོས་པོ་ལོགས་སུ་བཀར་ནས། མུ་མཐུད་དུ་འབར་བར་སྔོན་འགོག་བྱེད་དགོས། 
        ༣ འབར་སླ་བའི་དངོས་པོ་དང་དབྱང་དབུགས་ལོགས་སུ་བཀར་དགོས།
གཞི་རྩའི་བྱེད་ཐབས།
        ༡ དྲོད་ཚད་ཇེ་འཁྱག་ཏུ་གཏོང་ཐབས།
        འབར་སླ་བའི་དངོས་རྫས་ཀྱི་སྟེང་དུ་ཆུ་བླུག་པ་དང་། རྫས་འགྱུར་གྱི་སྨན་རྫས་དང་ཡང་ན་ས་རློན་པ་བླུག་ནས་དྲོད་ཚད་དམའ་རུ་བཏང་སྟེ།  མེ་ལྕེ་སོད་དགོས།  
        ༢ལོགས་སུ་བགར་ཐབས། 
        མེ་འབར་བཞིན་པའི་སྐབས་སུ་ལོགས་སུ་བཀར་ཐབས་བཀོལ་ནས་མེ་དང་འབར་སླ་བའི་དངོས་པོ་ལོགས་སུ་བཀར་བ་དང་།  འབར་བཞིན་པ་དང་མེ་ཡིས་ཟིན་པའི་དངོས་རྫས་ལོགས་སུ་བཀར་དགོས།  འབར་བཞིན་པའི་དངོས་རྫས་ཀྱི་སྟེང་དུ་རྫས་འགྱུར་གྱི་སྨན་རྫས་བླུག་པ་དང་མེ་སོད་པ་སོགས་བྱེད་ཐབས་ལ་བརྟེན་ནས་འགོག་སྲུང་ཐིག་ལས་དགོས། མེ་དང་འབར་སླ་བའི་དངོས་རྫས། འབར་བཞིན་པའི་དངོས་རྫས་དང་མེས་ཟིན་མེད་པའི་དངོས་རྫས་ལོགས་སུ་བཀར་དགོས། དུས་མཚུངས་སུ་འབར་བཞིན་པའི་དངོས་རྫས་ཀྱི་སྟེང་ལ་ཆུ་བླུག་པ་དང་སྨན་རྫས་བླུག་ན། འབར་ཤུགས་ཇེ་ཆུང་དང་འབར་མཚམས་འཇོག་པར་ཕན།  
        ༣མེ་ཤི་རུ་འཇུག་ཐབས།  
         མཁའ་དབུགས་དང་མཁའ་དབུགས་ཁྲོད་ཀྱི་དབྱང་རླུང་འདུས་ཚད་14—18%ཇེ་དམའ་ལ་བཏང་ན། མེ་གསོད་ཐུབ། སྤྱིར་བཏང་དུ་ལག་ཆ་བཀོལ་ནས་མེ་གསོད་པ་དང་། མེ་ཐོག་ལ་ས་དང་རྫས་འགྱུར་དངོས་རྫས་བླུག་པ་སོགས་ལ་བརྟེན་ནས་མེ་སོད་དགོས།

38མེ་འབར་བཞིན་པའི་སྐབས་སུ་བདེ་འཇགས་ཐད་ནས་དོ་སྣང་བྱེད་དགོས་ས་གང་དག་ཡོད་དམ།
        ནགས་ཚལ་གྱི་མེ་གསོད་པ་དང་རྒུད་སྐྱོབ་བྱེད་དུས། ས་གནས་མི་དམངས་སྲིད་གཞུང་དང་ནགས་ཚལ་གྱི་མེ་འགོག་མཛུབ་སྟོན་པུས་ཀྱིས་གཅིག་གྱུར་སྒོས་རྩ་འཛུགས་དང་མཛུབ་སྟོན་བྱེད་དགོས། མེ་སོད་ཀྱི་བཀའ་འབྱོར་སའི་ལས་ཁུངས་དང་། མི་སྒེར་ནི་ངེས་པར་དུ་མགྱོགས་མྱུར་ངང་མེ་སོད་སར་སོང་ནས་མེ་གསོད་དགོས།
མེ་གསོད་དུས་དོ་སྣང་བྱ་ཡུལ་ནི།
        ༡མེ་ལྕེའི་ཟུར་ངོས་ནས་རླུང་གི་ཁ་ཕྱོགས་ལྟར་མེ་གསོད་དགོས། 
        ༢མེས་འཚིག་པའི་ཤིང་སྡོང་གི་ཡལ་ག་དང་། ཤིང་སྡོང་འགྱེལ་ནས་རྨས་སྐྱོན་ཕོག་པར་གཟབ་དགོས།
༣གནམ་གཤིས་ཀྱི་འགྱུར་བ་ལ་དོ་སྣང་བྱེད་དགོས།
        ༤ མེ་གསོད་ལག་ཆ་བཀོལ་ཤེས་དགོས། 
        ༥རྒན་རྒོན་དང་དབང་བོ་སྐྱོན་ཅན།   སྦྲུམ་མ་དང་བྱིས་པ་བཅས་མེ་གསོད་དུ་འགྲོ་བར་སྐུལ་མི་ཉན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1