ཨ་ཧྥེ་རི་ཁར་ཐོན་པའི་ཏོག་གསར་རིམས་ནད་ཀྱི་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་11ལྷག་ཙམ་ཟིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-29



རྒྱལ་ཁབ་མང་པོའི་འགོ་ཁྲིད་པས་མཐུན་སྒྲིལ་བྱས་ནས་རིམས་འགོག་བྱེད་དགོས་པའི་འབོད་སྐུལ་བྱས་པ།
 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཨ་ཧྥེ་རི་ཁའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས་ཚེས་25ཉིན་ཁྱབ་བསྒྲགས་བྱས་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གྲངས་གཞི་ལས། ཨ་ཧྥེ་རི་ཁ་ས་ཁུལ་དུ་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་112290ཟིན་པ་དང་། གྲོངས་པའི་ནད་དཔེ་3359ཟིན་པ། དྲག་སྐྱེད་བྱུང་བའི་ནད་དཔེ་44920ཟིན་པ་བཅས་མངོན་ཡོད།
    ཟླ་5ཚེས་25ཉིན་ནི“ཨ་ཧྥེ་རི་ཁའི་བཅིངས་འགྲོལ་ཉིན་མོ”རེད། ཉིན་དེར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོའི་འགོ་ཁྲིད་པས་གཏམ་བཤད་སྤེལ་ནས་མཐུན་སྒྲིལ་བྱས་ཏེ་རིམས་འགོག་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། ཉིན་དེར་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅིས། ཏོག་གསར་གློ་ཚད་རིམས་ནད་རྒྱ་ཆེར་ཁྱབ་པ་དང་འབྲེལ་ཡོད་གནོད་འཚེའི་མདུན་དུ་ཨ་ཧྥེ་རི་ཁས་རང་ངོས་ཀྱི་ཁ་གཏད་གཅོག་ནུས་ལ་ཤུགས་སྣོན་རྒྱག་དགོས། དེའི་ནང་(བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྔར་བས་སྐུལ་འདེད་གཏོང་བ་དང་བཟའ་བཅའ་འདང་ངེས་ཡོང་བའི་འགན་ལེན་བྱེད་པ་དང་འབྲེལ་ལས་ཞུགས་ཀྱི་གོ་སྐབས་གཏོད་དགོས་པ་ཚུད་ཡོད་ཅེས་བརྗོད་པ་རེད།
    དེ་ཉིན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཕུའུ་སཱ་ཡིས་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་། ཕྱོགས་མང་སྒྲིག་གཞི། དགེ་སྒྲུབ་ལས་རིགས་བཅས་ཀྱིས་འཛམ་གླིང་ཡོངས་དང་ལྷག་པར་དུ་ཨ་ཧྥེ་རི་ཁའི་ཉམས་ཞན་རྒྱལ་ཁབ་ལ་དགོས་ངེས་ཀྱི་མི་ཆོས་རིང་ལུགས་ཀྱི་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
    དེ་ཉིན་ཝེར་ཏེ་གླིང་ཟུར་གྱི་ཙུང་ཐུང་ཧྥུང་སའེ་ཁཱ་ཡིས་བརྙན་འཕྲིན་གཏམ་བཤད་སྤེལ་ནས་ཏོག་གསར་གློ་ཚད་རིམས་ནད་ལས་ཨ་ཧྥེ་རི་ཁའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་མོད། འོན་ཀྱང་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་དཀའ་ཚེགས་ཆེ་བའི་དུས་སྐབས་དེ་ལས་སྒྲོལ་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1