སྙེ་མོ་རྫོང་གི“མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་ཟུང་འབྲེལ”གྱི་ཉམས་མྱོང་ལྗོངས་ཡོངས་སུ་ཁྱབ་གདལ་དུ་གཏོང་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-29



          སྤྱི་པའི་རིག་གནས་ཞབས་ཞུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པར་མ་ཟད།  མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་རིག་གནས་ཀྱི་འཚོ་བའི་དགོས་མཁོ་སྐོང་བའི་དམངས་འཚོའི་བཟོ་སྐྲུན་གལ་ཆེན་ཞིག་ཀྱང་ཡིན།   2020ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པའི་མཇུག་བསྡུའི་ལོ་དང་འགག་རྩའི་ལོ་ཞིག་ཡིན་ཞིང་།  ད་ལོ་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་།  སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་དང་།  རིག་གནས་དམངས་ཕན་གྱི་བཟོ་སྐྲུན་བསྡུ་སྒྲིལ་གསར་གཏོད་ཡོང་བར་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་རིག་གནས་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་རྒྱུ་རེད།  

          གནད་འཕིགས་དབུལ་སྐྱོར་གྱི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་པོ་ཡིན་པ།  
          ཞིང་འབྲོག་པ་མང་ཚོགས་ཁྲི་2.5ལྷག་ལས་ཞུགས་སྤོ་སྒྱུར་བྱེད་པར་སྐུལ་ཁྲིད་བྱས།  
          ན་ནིང་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་སྤྱི་པའི་རིག་གནས་འཛུགས་སྐྱོང་ཐད་ལམ་ལུགས་རང་བཞིན་གྱི་ཚད་བརྒལ་བྱུང་སྟེ།   《རྫོང(ཆུས)གི་སྒྱུ་རྩལ་ཚོགས་པའི་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང་ལག་བསྟར་ཞིབ་སྲོལ་བཏོན་པ་དང་།   《ལྗོངས་ཡོངས་སུ་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》འགྲེམས་སྤེལ་བྱས་ཏེ།  སྲིད་འཛིན་གྲོང་ཚོ་(སྡེ་ཁུལ་)5338ཀྱི་རིག་རྩལ་འཁྲབ་སྟོན་རུ་ཁག་སྒྲིག་འཛུགས་ལེགས་འགྲུབ་བྱུང་ཞིང་།  དེའི་ལེགས་གྲུབ་བྱུང་ཚད་97%ཟིན་ཡོད།  
          དུས་མཚུངས་སུ།  བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་རིག་གནས་ཀྱིས་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱེད་པའི་ཐད་བཏོན་པའི་ནུས་པ་ཉིན་རེ་བཞིན་མངོན་གསལ་ཇེ་དོད་དུ་འགྲོ་བཞིན་ཡོད་དེ།  སྙེ་མོ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་བཟོ་ཁང་དེ་རྒྱལ་ཡོངས་ཀྱི“མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་ཟུང་འབྲེལ”གྱི་ལས་ཞུགས་བཟོ་ཁང་གི་དཔེ་སྟོན་ས་ཚིགས་ཁག་དང་པོའི་ནང་བཅུག་པ་དང་།  ན་ནིང་ལྗོངས་ཡོངས་ཀྱི་རིག་གནས་ཁོངས་གཏོགས་ཀྱིས་ཞིང་འབྲོག་པ་མང་ཚོགས་ཁྲི་2.5ལྷག་ཙམ་ལས་ཞུགས་གཞན་སྒྱུར་བྱ་བར་སྐུལ་ཁྲིད་བྱས་ཡོད།  

          “ཁུག་མ་ཕྱུག་པོ་”དང་“ཀླད་པ་ཕྱུག་པོ་”གཉིས་པོ་མཉམ་དུ་གལ་ཆེར་འཛིན་པ།
          བོད་ལྗོངས་ཀྱིས་གྲོང་གསེབ་ཀྱིས་ཕུལ་བྱུང་རིག་གནས་ཐོན་རྫས་མཁོ་འདོན་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱ་རྒྱུ་རེད།  
          རིག་རྩལ་དཔུང་ཁག་རེ་རེས་མང་ཚོགས་དབུལ་པོའི་རིག་རྩལ་འཕེལ་རྒྱས་དང་སེམས་རྟེན་བཅོལ་དུ་བཅུག་ཡོད་ཅིང་།  གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་གྱི་དཔུང་ཁག་འཛུགས་པ་དང་དེ་འཐུས་ཚང་དུ་གཏོང་རྒྱུ་ནི་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་རིག་གནས་ཀྱི་འཚོ་བར་རེ་སྨོན་བྱེད་པའི་དགོས་མཁོ་སྐོང་རྒྱུ་དེ་རེད།  ད་ལོ་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་འདི་འཛུགས་སྐྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱ་རྒྱུ་ཡིན་ཞིང་།  གྲོང་ཁྱེར་དང་རྫོང་གི་རིག་གནས་སྲིད་འཛིན་སྡེ་ཚན་གྱིས་རྫོང་དེ་གའི་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་སྐྱོང་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་དང་མཛུབ་ཁྲིད་བྱ་བར་ཤུགས་སྣོན་རྒྱག་དགོས་པ་དང་།  རང་སྐྱོང་ལྗོངས་དང་ས་ཁུལ་དང་གྲོང་ཁྱེར་གྱི་རིག་གནས་སྡེ་ཚན་གྱིས་དུས་ཐོག་ཏུ་སྲིད་འཛིན་གྲོང་སྡེའི་རིག་རྩལ་འཁྲབ་སྟོན་རུ་ཁག་སྒྲིག་འཛུགས་བྱས་པའི་གནས་ཚུལ་ལ་དོ་ཁུར་དང་།  སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་རིག་གནས་ཐོན་རྫས་ཀྱི་མཁོ་སྤྲོད་འགན་ལེན་གྱི་བྱ་བ་ཡག་པོ་སྒྲུབ་དགོས།
          ད་ལོ་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་རིག་གནས་ཀྱི་ངོས་ཐད་ནས་མང་ཚོགས་དབུལ་པོའི་བསམ་བློའི་འདུ་ཤེས་ཀྱི་གནད་དོན་ཐག་གཅོད་བྱེད་པར་མཐོང་ཆེན་ཧ་ཅང་ཆེན་པོ་བྱས་ཏེ།  “ཁུག་མ་ཕྱུག་པོ”དང“ཀླད་པ་ཕྱུག་པོ”གཉིས་མཉམ་དུ་གལ་ཆེར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཡོད།  རང་སྐྱོང་ལྗོངས་ཀྱི་ངོས་ཐད་ནས“མཛེས་སྡུག་ལྡན་པའི་བོད་ལྗོངས·གཅེས་སུ་འོས་པའི་ཕ་ཡུལ”ཞེས་པའི་ཕུལ་བྱུང་རིག་གནས་ཐོན་རྫས་ཀྱི་གྲོང་གསེབ་མཁོ་འདོན་གྱི་འདུ་འགོད་ལག་བསྟར་བྱས་པ་བརྒྱུད།  ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ཏང་གི་དམངས་ཕན་སྲིད་ཇུས་ཀྱི་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་།  བཅའ་ཁྲིམས་དང་།  ཚན་རྩལ།  སློབ་གསོ།  འཕྲོད་བསྟེན།  ཁོར་ཡུག་སྲུང་སྐྱོབ།  ཚན་རིག་དང་ཤེས་དཔལ་གྱི་འཚོ་བར་བརྩི་མཐོང་བྱེད་པ་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་ཡག་པོ་གནང་སྟེ།  རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ལག་ལེན་དུ་བསྟར་བ་དང་།   དྲིན་ཚོར་ཡར་བརྩོན་དང་མཛེས་སྡུག་ལྡན་ཞིང་བདེ་ཐང་དང་ཤེས་དཔལ་གྱི་འཚོ་བར་རེ་སྙེག་བྱེད་པར་ཁྲིད་སྟོན་བྱེད་དགོས།
          དེ་དང་ཆབས་ཅིག རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ད་དུང་དུས་ཐོག་ཏུ“ལྷ་མོའི་འཁྲབ་སྟོན་དུས་ཚིགས”དང“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”སོགས་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་གྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་གྲངས་འཛིན་ཅན་དང་།  དྲ་རྒྱ་ཅན།  མང་ཚོགས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ།  རིག་གནས་ཤུལ་བཞག་ཕུལ་བྱུང་ཅན“གསོན་པོར་གནས་པ་”དང“མིང་གྲགས་ཅན”དུ་འགྱུར་བར་འཇུག་དགོས།  ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་གི་ཉམས་མྱོང་བརྗེ་རེས་བྱེད་པའི་གསོ་སྦྱོང་ཚོགས་འདུ་ཡག་པོར་སྤེལ་ཏེ།  གནད་གཅིག་གིས་ཁྱོན་ཡོངས་ཀྱི་སྣེ་ཁྲིད་པའི་རྣམ་པས་སྙེ་མོའི“མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་ཟུང་འབྲེལ”གྱི་ལས་ཀའི་ཉམས་མྱོང་ཁྱབ་གདལ་དུ་གཏོང་རྒྱུ་རེད། 
 
          “མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་ཟུང་འབྲེལ”གྱི་ལས་དོན་ལག་ལེན་དུ་བསྟར་བ།  
           སྙེ་མོ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་གི་ཁྱད་ཆོས་མངོན་གསལ་དོད་པོ་ཡིན་པ།  
          ཉེ་བའི་ལོ་ཤས་རིང་།  རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གིས“མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་ཟུང་འབྲེལ”གྱི་ལས་དོན་ལ་འཚོལ་ཞིབ་དང་ལག་ལེན་ཤུགས་ཆེན་བྱས་ཏེ་མངོན་གསལ་དོད་པའི་དཔེ་མཚོན་གྱི་ཉམས་མྱོང་དང་གྲུབ་འབྲས་བླངས་ཡོད།  2018ལོའི་ཟླ་7པར།  རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་ཡིས་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་པ་དང་འབྲེལ“མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་ཟུང་འབྲེལ”གྱི་བཟོ་ཁང་འཛུགས་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་རེད།  ན་ནིང་།  ལྗོངས་ཡོངས་སུ་བསྡོམས་པས་མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་ཟུང་འབྲེལ”གྱི་ལས་ཞུགས་བཟོ་ཁང་17བཙུགས་པ་དང་།  དེ་དག་བོད་ཤོག་དང་།  བོད་སྤོས།  པར་བརྐོས་པར་འདེབས་སོགས་ཀྱི་སྲོལ་རྒྱུན་བཟོ་རྩལ་རིགས་ཀྱི་རྣམ་གྲངས་26དང་འབྲེལ་ཡོད་པ་རེད།  སྙེ་མོ་རྫོང་ནི“མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་ཟུང་འབྲེལ”གྱི་ཚོད་ལྟའི་རྫོང་ཞིག་ཡིན་ཞིང་།  དེར་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་10བཙུགས་ནས་རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གིས་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱེད་པའི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།  
          གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།  མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་བཅུ་བོ་སོ་སོར་རང་ཉིད་ཀྱི་ཁྱད་ཆོས་དང་ལེགས་ཆ་མངོན་གསལ་དོད་པོ་ཡོད་པས།  ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་འབབ་འཕར་ཕྱུག་འགྱུར་དང་སྙེ་མོ་རྫོང་གི་དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་པོར་གཏོང་བར་སྐུལ་ཁྲིད་ཀྱི་ནུས་པ་ཐོན་ཡོད་པ་དང་།  སྙེ་མོ་རྫོང་གི“མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་ཟུང་འབྲེལ”གྱི་ལས་དོན་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད།  མིག་སྔར་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང10ཡིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ111ལ་ལག་རྩལ་གྱི་སློབ་ཁྲིད་བྱས་ནས་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་བྱས་ཏེ་མང་ཚོགས556ལ་ཕན་པ་ཐོབ་ཡོད་པ་རེད།  
           ཉེ་བའི་ལོ་ཤས་རིང་།  སྙེ་མོ་རྫོང་གིས་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ལ་བརྟེན་ནས་ཡུལ་བབ་དང་བསྟུན་པ་དང་།  མིར་གཞིགས་ནས་ཐབས་ཇུས་ལག་བསྟར་གྱིས་ཐབས་ལམ་བཙལ་ནས་འབད་པ་ཆེན་པོས“མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་ཟུང་འབྲེལ”གྱི་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ཏེ།  ཏན་ཏིག་སྒོས“འཇམ་ཤུགས”དེ“འདེགས་སྐྱོར”དུ་བསྒྱུར་བར་བཅུག  མིག་སྔར་སྙེ་མོ་རྫོང་དུ་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ25ཡོད་ཅིང་།  དེའི་ནང་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ3དང་ལྗོངས་རིམ་པའི་རྒྱུན་འཛིན་པ4ཡོད་པ་དང་།  གྲོང་ཁྱེར་རིམ་པའི་རྒྱུན་འཛིན་པ9དང་རྫོང་རིམ་པའི་རྒྱུན་འཛིན་པ9ཡོད་ཅིང་།  མངོན་མིན་རིག་གནས་ཤུལ་བཞག་གི་འབྲེལ་ཡོད་མཉམ་ལས་ཁང88(ཁེ་ལས་ཚུད་པ)ཡོད་པ་དང་།  དེས་མི1765ལ་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་བྱས་ཡོད་ཅིང་།  སྙེ་མོ་རྫོང་ཐོན་པ་གྲོང་རྡལ་དུ་ཆུ་འཁོར་རང་འཐག273ཡོད་པ་དང་།  བོད་སྤོས་བཟོ་མཁན་གྱི་དུད་ཚང271ཟིན་ནས་ལས་ཞུགས་ཀྱི་ལས་གནས525མཁོ་འདོན་བྱས་ཡོད་པ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1