རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྒྱལ་མཚན་གྱིས་མང་ཚོགས་ཀྱི་མགྲིན་ཚབ་པ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-29



           “ད་ལོའི་དཔྱིད་གསར་དུས་ཆེན་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཏེ། ང་ཚོ་ཤང་གིས་ཉིན་དང་པོའི་དགོང་མོའི་ཆུ་ཚོད་5ཡས་མས་སུ་བོད་ལྗོངས་སུ་ཡོད་པའི་ལས་བྱེད་པ་ཚང་མ་ཉིན་གཉིས་པའི་སྔ་དྲོའི་ཆུ་ཚོད་བཅུ་པའི་སྔོན་ལ་ལས་གནས་སུ་ཕྱིར་ལོག་རྒྱུའི་བརྡ་ཐོ་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་གྲ་སྒྲིག་ཡག་པོ་བྱེད་དགོས་པའི་རེ་བ་བཏོན་པ་རེད། ཉིན་གཉིས་པའི་ཞོགས་པར་མི་གཅིག་གིས་ཀྱང་དགོངས་པ་ཞུས་མེད་པར་ལས་བྱེད་པ་23པོ་ཚང་མ་རང་གནས་སུ་འབྱོར་ཏེ།  ནུས་ཤུགས་ཡོད་རྒུས་‘རིམས་ནད’ཀྱི་ལས་དོན་ནང་ཞུགས་ཡོད། ”ཅེས་བཤད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྒྱལ་མཚན་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡིན་ཞིང་། དུས་མཚུངས་སུ་ཁོ་ནི་ལྷོ་པ་མི་རིགས་ཀྱི་འཐུས་མི་ཞིག་ཀྱང་ཡིན། ཁོང་གིས་བརྙན་ལམ་གྱི་བཅར་འདྲི་དང་ལེན་བྱེད་སྐབས་གསར་འགོད་པར་ཤང་ནང་གི་“རིམས་ནད”དང་འཐབ་པའི་གཏམ་རྒྱུད་བཤད། 

    འདི་ནི་བཀྲ་ཤིས་རྒྱལ་མཚན་(གཡོན་གྱི་དང་པོ)གྱིས་གྲོང་མིའི་ཁྱིམ་དུ་འཚམས་འདྲི་བྱེད་བཞིན་པའི་རྣམ་པ་རེད།
           རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་ཞིག་ཡིན་པའི་ཆ་ནས། བཀྲ་ཤིས་རྒྱལ་མཚན་བསྟུད་མར་ལོ་གསུམ་ལ་ཚོགས་འདུར་ཞུགས་པ་རེད།  ཁོང་གིས་འདི་ནི་མང་ཚོགས་ཀྱི་མགྲིན་ཚབ་པ་བྱེད་པའི་དུས་མཚུངས་སུ་སློབ་སྦྱོང་གི་གོ་སྐབས་ཤིག་ཀྱང་ཡིན་པར་འདོད་དེ། ལས་ཀ་དངོས་ཀྱི་ནང་ལག་ལེན་མཐིལ་ཕྱིན་ཡོང་ཆེད་རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་སྐོར་ལ་སྔར་བས་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས། ཁོང་དུས་རྒྱུན་གྲོང་གསེབ་ཏུ་འགྲོ་བ་དང་གྲོང་མིའི་ཁྱིམ་དུ་འཚམས་འདྲིར་ཕྱིན་པས། ཚོགས་འདུ་གཉིས་སུ་ཞུགས་སྐབས་ཤེས་རྟོགས་བྱུང་བའི་སྲིད་ཇུས་བཟང་པོ་རྣམས་ཞིབ་ཕྲའི་ནང་དོན་དང་ཟུང་འབྲེལ་བྱས་ནས་མང་ཚོགས་ལ་དུས་ཐོག་ཏུ་དྲིལ་བསྒྲགས་བྱས་ཤིང་། དུས་མཚུངས་སུམང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོར་རྒྱུས་ལོན་བྱེད་པ་ཡིན། 

    འདི་ནི་བཀྲ་ཤིས་རྒྱལ་མཚན་(གཡོན་གྱི་དང་པོ)གྱིས་གྲོང་མིའི་ཁྱིམ་དུ་འཚམས་འདྲི་བྱེད་བཞིན་པའི་རྣམ་པ་རེད། 
           ཁོས་གསར་འགོད་པར་ད་ཆ་མང་ཚོགས་ཚང་མས་བདེ་ཐང་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་། སྨན་པ་བསྟེན་དཀའ་བའི་གནད་དོན་ལ་ལྟ་སྟངས་མང་པོ་ཡོད་ཅེས་བཤད། ན་ནིང་ནས་བཟུང་གཞི་རིམ་གྱི་སྨན་བཅོས་དེ་བཀྲ་ཤིས་རྒྱལ་མཚན་གྱིས་དོ་ཁུར་བྱེད་པའི་དམངས་འཚོའི་གླེང་མང་བའི་གནད་དོན་ཞིག་ཏུ་གྱུར་ཞིང་། ད་ལོ་པེ་ཅིང་དུ་ཚོགས་འདུར་ཞུགས་པར་མ་ཡོང་གོང་། ཁོང་གྲོང་ཁྱེར་རིམ་པའི་མི་དམངས་སྨན་ཁང་དང་། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཅུས། གྲོང་ཁྱེར་རིམ་པའི་འགོས་ནད་ཚན་ཁག་གི་སྨན་ཁང་། རྫོང་མི་དམངས་སྨན་ཁང་དང་། ཤང་འཕྲོད་བསྟེན་ཁང་། གྲོང་ཚོའི་འཕྲོད་བསྟེན་ཁང་སོགས་རིམ་པ་སོ་སོའི་སྨན་བཅོས་ལས་ཁུངས་དང་སྡེ་ཚན་དུ་འཚམས་འདྲི་ཕྱིན་པ་དང་། སྨན་པ་དང་སྡེ་ཚན་ཁག་གི་འགོ་ཁྲིད་དང་མཉམ་དུ་གཞི་རིམ་སྨན་བཅོས་ཀྱི་སྐོར་ལ་གནས་པའི་དཀའ་ངལ་དང་གནད་དོན་ལ་རྒྱུས་ལོན་བྱས་པ་རེད།

    འདི་ནི་བཀྲ་ཤིས་རྒྱལ་མཚན་(གཡོན་གྱི་དང་པོ)གྱིས་གྲོང་མིའི་ཁྱིམ་དུ་འཚམས་འདྲི་བྱེད་བཞིན་པའི་རྣམ་པ་རེད། 
           བཀྲ་ཤིས་རྒྱལ་མཚན་གྱིས་གསར་འགོད་པར་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་གཞི་རིམ་སྨན་བཅོས་ཀྱི་ཆུ་ཚད་མགྱོགས་མྱུར་ངང་མཐོ་རུ་ཕྱིན་ཡོད་ཅིང་། ཁོང་གིས་ལས་འགན་འཁུར་བའི་ལྷ་ཡུལ་ཤང་གི་སྲིད་འཛིན་གྲོང་ཚོ་20ལྷག་ལ་འཕྲོད་བསྟེན་ཁང་བཙུགས་པ་དང་འབྲེལ་སྨན་པའང་བཀོད་སྒྲིག་བྱས་ཡོད་པ་རེད། འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་གིས་སྨན་བཅོས་བོད་སྐྱོར་ཐོན་ཁུངས་ཀྱི་རོགས་སྐྱོར་འོག་སྨན་ཁང་ཨང་གཉིས་པ་བདེ་བླག་ངང་འཛུགས་སྐྲུན་བྱས་པ་དང་། འཕྱོངས་རྒྱས་རྫོང་བོད་སྨན་ཁང་ཡང་བཙུགས་ཡོད། 
           ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་། ཁོང་གིས་གྲོང་ཁྱེར་རིམ་པའི་མི་དམངས་སྨན་ཁང་གི་ཤེས་ལྡན་མི་སྣ་འཛུགས་སྐྱོང་དང་། རིག་ཚན་འཛུགས་སྐྲུན།  སྨན་བཅོས་ཀྱི་སྒྲིག་ཆས་གསར་སྒྱུར་སོགས་ཀྱི་ཐད་ནས་གྲོས་འགོ་བཏོན་ཏེ་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་འགན་ལེན་དེ་བས་མང་བ་མཁོ་འདོན་བྱེད་རྩིས་ཡོད་ཅེས་བཤད། 
           དེ་དང་ཆབས་ཅིག ཁོང་གིས་སྲོལ་རྒྱུན་རིག་གནས་ཀྱི་འཕེལ་རྒྱས་དང་རྒྱུན་འཛིན་ལའང་དོ་སྣང་བྱས་ཡོད་དེ། ཐེངས་མང་པོར་བོད་ལྗོངས་ལྷོ་ཁ་དང་། གཞིས་རྩེ། ལྷ་ས། ཉིང་ཁྲི་སོགས་སུ་རྟོག་ཞིབ་བྱེད་དུ་སོང་ཞིང་།  ས་ཆ་གང་དུ་སླེབས་ཀྱང་ཁོང་གིས་མང་ཚོགས་དང་རྒྱ་ཁྱབ་ངང་བསམ་བློ་བརྗེ་རེས་དང་ཁ་བརྡ་བྱས་ཏེ་གཞི་རིམ་མང་ཚོགས་ཀྱི་རེ་སྒུག་ལ་རྒྱུས་ལོན་བྱས་པ་རེད།
           བཀྲ་ཤིས་རྒྱལ་མཚན་གྱིས་ངོ་སྤྲོད་བྱས་དོན། བོད་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་ཐད། ཁོང་མིག་སྔར་གནས་པའི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལ་ཆ་བཞག་ན། འཕྱོངས་རྒྱས་རྫོང་གི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་1000ལྷག་ཙམ་ལས་མེད་ཅིང་། དེའི་མངའ་ཁོངས་སུ་ཤང་3དང་གྲོང་རྡལ་1ཡོད་པ་དང་མི་འབོར་ཁྲི་1.8ཡས་མས་ལས་མེད་མོད། འོན་ཀྱང་རིམ་པ་སོ་སོའི་རིག་དངོས་སྲུང་སྐྱོབ་ཀྱི་ལས་ཁུངས་30ལ་སྲུང་སྐྱོབ་ཡག་པོ་ཐོབ་ཡོད། དུས་མཚུངས་སུ་འཕྱོངས་རྒྱས་རྫོང་དུ་བསྡོམས་པས་མངོན་མིན་རིག་གནས་ཤུལ་བཞག་12རིམ་པ་སོ་སོའི་མིང་གཞུང་ནང་དུ་བཅུག་ཡོད་པར་མ་ཟད། དམིགས་འཛུགས་རྒྱུན་འཛིན་པས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་ཀྱི་ཡོད། མིག་སྔར་འཕྱོངས་རྒྱས་རྫོང་གིས་དུས་ཡུན་རིང་པོའི་ལོ་རྒྱུས་རིག་གནས་ལ་གཞི་ ཚུགས་ཏེ་ཧུར་ཐག་སྒོས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་འཚོལ་ཞིབ་བྱེད་བཞིན་ཡོད་ཅིང་། མི་རིགས་ཀྱི་ལག་ཤེས་བཟོ་ལས་འཕེལ་རྒྱས་དང་རྒྱ་ཆེར་འགྲོ་བར་སྐུལ་འདེད་དང་། རིག་གནས་ཐོན་རྫས་གསར་སྤེལ་གཏོང་བར་སྐུལ་འདེད་བཏང་ནས་སྲུང་སྐྱོང་དང་གསར་སྤེལ་མཉམ་འདྲེས་དང་། རྒྱུད་འཛིན་དང་འཕེལ་རྒྱས་མཉམ་གནས་ཡོང་བའི་རྣམ་པར་འབད་བཞིན་ཡོད་ཅེས་བཤད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1