གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༩ཉིན།

ཙུང་ལི་ལི་ཁེ་ཆང་གིས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།

         སྤྱི་ཚེས28ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་མི་དམངས་ཚོགས་ཁང་ཆེན་མོའི་ཐོག་བརྩེགས་གསུམ་པའི་གསེར་མདོག་ཚོམས་ཆེན་དུ་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུར་ཞུགས་པ་མ་ཟད་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་ཡོད་པ་རེད།
         ཀྲུང་གོའི་དཔལ་འབྱོར་ཐད། ལི་ཁེ་ཆང་གིས། ཐེངས་འདིའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་གི་དཔལ་འབྱོར་ལ་བརྡབ་གསིག་ཆེན་པོ་བཟོས་པས། ད་ལོ་ང་ཚོས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་གྲངས་ཀའི་དམིགས་ཚད་བཟོས་མེད། དེ་ནི་དངོས་ཐོག་བདེན་འཚོལ་ཞིག་རེད། ཡིན་ནའང་ང་ཚོས་གྲོང་མིའི་ལས་ཞུགས་འགན་སྲུང་དང་། གཞི་རྩའི་དམངས་འཚོ་འགན་སྲུང་། ཁྲོམ་རའི་གཙོ་གཟུགས་འགན་སྲུང་སོགས་འགན་སྲུང་དྲུག་གི་དམིགས་ཚད་ལས་འགན་བཏོན་ཡོད། དེ་དང་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་དཔལ་འབྱོར་འཕར་སྣོན་བར་ཐད་ཀའི་འབྲེལ་བ་ཡོད། དམིགས་བསལ་དུས་སྐབས་སུ་དམིགས་བསལ་གྱི་སྲིད་ཇུས་དགོས། ད་ཐེངས་གཞི་ཁྱོན་རང་བཞིན་གྱི་སྲིད་ཇུས་གྲབས་གསོག་མ་དངུལ་དེ་ཆ་ཤས་ཆེ་བ་གཉིས་ལ་དབྱེ་ཡོད། གཅིག་ནི་གསར་སྣོན་མཚལ་ཡིག་དང་རིམས་འགོག་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་ཉིས་ཁྲི་བཏང་བ་དེ་རེད། ཆ་ཤས་ཆེ་བ་གཞན་དེ་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཆག་ཡང་བཏང་བ་དེ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རྒྱལ་ཡོངས་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཚེ། མིག་སྔའི་དཀའ་ངལ་ལས་ཐར་ནས། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཐུབ་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་ངེས་རེད། ཀྲུང་གོའི་དཔལ་འབྱོར་བརྟན་ལྷིང་རྒྱུན་འཁྱོངས་དང་། གཞི་རྩའི་གནས་སྟངས་བརྟན་པོ་བྱུང་བ་དེ་རང་ནི་འཛམ་གླིང་ལ་ཕུལ་བའི་ལེགས་སྐྱེས་ཡིན་པ་མ་ཟད། འཛམ་གླིང་དཔལ་འབྱོར་སླར་གསོ་འཕར་སྣོན་དང་། གོང་འཕེལ་ཡོང་བ་བྱ་རྒྱུའི་ཐད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་འདུག
         ལས་ཞུགས་ཐད། ལི་ཁེ་ཆང་གིས། ད་ལོ་ང་ཚོས་གྲོང་ཁྱེར་དང་གྲོང་རྡལ་དུ་མི་གྲངས་ས་ཡ་དགུ་ཡན་ལས་ཞུགས་གསར་འཕར་ཡོང་བ་བྱ་རྒྱུ་གཏན་འཁེལ་བྱས་ཡོད། དེ་ནི་ན་ནིང་ལས་ཉུང་བ་ཡོད། དམིགས་འབེན་དེ་མངོན་འགྱུར་ཡོང་བ་བྱེད་པར། དཔལ་འབྱོར་འཕར་གནས་ངེས་ཅན་ཞིག་གིས་འདེགས་སྐྱོར་བྱ་དགོས་པ་ཡིན། ང་ཚོས་གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་པ་བརྒྱུད་ལས་ཀ་ཤོར་ཚད6%ཙམ་ལ་གཏན་འཁེལ་བྱས་པ་དང་། ད་ལོའི་སྤྱི་ཟླ4པར་གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་པ་བརྒྱུད་ལས་ཀ་ཤོར་ཚད6%ཟིན་ཡོད་པས། ང་ཚོས་དེ་ལྟར་བྱེད་པ་ཡང་དངོས་ཐོག་བདེན་འཚོལ་ཞིག་རེད། ང་ཚོའི་གཞི་ཁྱོན་རང་བཞིན་གྱི་སྲིད་ཇུས་མ་དངུལ་དེ་གཞི་རིམ་གྱི་ཁྲལ་འཕྲི་གྲོན་གཅོག་ཐད་སྤྱད་ཆོག་པ་དང་། ཁེ་ལས་ཀྱི་ཁང་གླ་དམའ་རུ་གཏོང་བ་དང་སྐྱེད་ཀ་ཁ་གསབ་བྱེད་པའི་ཐད་སྤྱད་ཆོག ད་ལོ་དང་སང་ལོར། མི་ཐེངས་བྱེ་བ་གསུམ་དང་ས་ཡ་ལྔ་ཡིས་ལས་ཤོར་འགན་བཅོལ་མ་དངུལ་མཇུག་བསྡོམས་ལྷག་གྲངས་ལ་བརྟེན་ནས་ལས་གནས་སྦྱོང་བརྡར་བྱེད་པ་དང་། ཁོང་ཚོར་ག་ལེར་ལས་ཀ་འཚོལ་བའི་གོ་སྐབས་མཁོ་འདོན་བྱ་རྒྱུ་ཡིན། ལས་ཀ་ཤོར་བའི་དབང་དུ་བཏང་ནའང་། དུས་ཐུང་ནང་ལས་ཞུགས་བསྐྱར་མ་བྱེད་པའི་གོ་སྐབས་ཡོད་ཅེས་བསྟན་གནང་ཡོད།
         ཤང་ཀང་གི་གནད་དོན་ཐད། ལི་ཁེ་ཆང་གིས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་རྒྱལ་ཇུས་ཡིན་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཤང་ཀང་བས་ཤང་ཀང་སྐྱོང་བ། ཚད་མཐོའི་རང་སྐྱོང་གི་བྱེད་ཕྱོགས་སྔ་བར་ཕྱི་གསུམ་དུ་ཆ་ཚང་བ་དང་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་དམ་པོར་གཞིགས་ནས་ལས་དོན་སྒྲུབ་པ། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྲིད་འཛིན་དཔོན་པོས་ཁྲིམས་ལྟར་སྲིད་ཇུས་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་ཐོག་མཐའ་བར་གསུམ་དུ་ནན་སྟོན་བྱེད་ཀྱི་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཐོག་གྲོས་འཆམ་བྱུང་བའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྐོར་གྱི་གཏན་འབེབས་ནི། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་འགན་ལེན་བྱེད་པ་དང་། ཤང་ཀང་ཡུན་རིང་དར་རྒྱས་བརྟན་བརླིང་ཡོང་རྒྱུར་སྲུང་སྐྱོང་བྱ་ཆེད་ཡིན་ཞེས་བསྐྱར་བཤད་གནང་ཡོད།
         ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཐད་ཙུང་ལི་ལི་ཁེ་ཆང་གིས། མིག་སྔའི་ཀྲུང་ཨའི་འབྲེལ་བར་གནད་དོན་དང་འགྲན་རྩོད་གསར་པ་འགའ་འཕྲད་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་པོ་མཐུན་ན་གཉིས་ཕན་དང་། འཐབ་ན་གཉིས་ཕམ་ཡིན་པས། དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་མ་ཟད། འཛམ་གླིང་ཧྲིལ་པོ་དང་ཡང་འབྲེལ་བ་ཡོད། འཇམ་འཐབ་གསར་པ་ཞེས་པའི་བརྗོད་སྟངས་དེར། ང་ཚོས་ཐོག་མཐའ་བར་གསུམ་དུ་འཇམ་འཐབ་ཀྱི་བསམ་བློ་དོར་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། འབྲེལ་ཐག་ཆད་པ་ཞེས་པའི་བརྗོད་སྟངས་ཐད། དཔལ་འབྱོར་གཙོ་གཟུགས་ཆེན་པོ་གཉིས་ཀྱི་འབྲེལ་ཐག་ཆད་ཚེ། ཚང་མར་ཕན་ཐོགས་མེད་ཁར་འཛམ་གླིང་ལའང་གནོད་འཚེ་བཟོ་སྲིད། ང་ཚོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་བྱུང་བའི་གལ་ཆེའི་བཞེད་མཐུན་ངོས་འཛིན་ལ་གཞིགས་ཏེ། མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་གཞི་རྐང་དུ་བྱས་པའི་ཀྲུང་ཨའི་འབྲེལ་བ་འཛུགས་དགོས། དེས་རང་གཞན་གཉིས་ཀར་ཕན་ཐོགས་ཡོད་ལ་འཛམ་གླིང་ཧྲིལ་པོར་ཡང་ཕན་ཐོགས་ཡོད་ཅེས་བསྟན་ཡོད།
         དེ་མིན། ལི་ཁེ་ཆང་གིས་དབུལ་སྒྲོལ་འགག་གཏོར་དང་། དམངས་འཚོ། ཁྲོམ་རའི་གཙོ་གཟུགས་སྐུལ་སྤེལ། དེ་བཞིན་ཀྲུང་ལྗར་འབྲེལ་བ་དང་། ཐེ་ཝན་གྱི་གནད་དོན་སོགས་ཀྱི་ཐད་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་ཡོད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1