༄༅།།ས་པཎ་གྱི་ལོ་ཙཱའི་བརྟག་པ་ལ་རགས་ཙམ་དཔྱད་པ།

དཔལ་མོ་བློ་བཟང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-29





དཔལ་མོ་བློ་བཟང་།

དང་པོ། ས་པཎ་ཡར་སྔོན་གྱི་ལོ་ཙཱའི་བརྟག་པའི་ཁོག་འབུབས།

        སྒྲ་སྦྱོར་བམ་གཉིས་ལས་བསྟན་པའི་ལོ་ཙཱའི་བརྟག་པ་ཞེས་པ་ནི་གོང་ཞུས་ལྟར་སྐད་སྒྱུར་དང་ཡིག་སྒྱུར་གཉིས་ཀ་ཁྱབ་ལ། དེ་ཡང་སྒྲ་སྦྱོར་བམ་གཉིས་ལས་བསྟན་པའི་ལོ་ཙཱའི་བརྟག་པ་བྱུང་བའི་ཡུལ་དང་དུས་ཀྱི་ཆ། བརྟག་པའི་ཚུལ་སྨོས་ཚེ། ཡུལ་གྱི་དབང་དུ་ནི་གཙོ་ཆེར་སྐབས་དེའི་རྒྱལ་པོ་ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང་། དྷརྨ་ཞུ་ཆེན་འཚལ་བའི་གྲྭ་དང་། གཙུག་ལག་ཁང་དགོན་པ་ལ་སོགས་སུ་ཡིན་ཞིང་། དུས་ཀྱི་དབང་དུ་ནི་སྒྲ་སྦྱོར་བམ་པོ་གཉིས་པ་ནི་སྤྱི་ལོ་814ལོར་བོད་ཀྱི་བཙན་པོ་ཁྲི་སྲོང་བཙན་གྱི་རིང་ལ་བསྒྲིགས་པའི་སཾ་བོད་ཤན་སྦྱར་གྱི་ཆོས་སྐད་ཀྱི་མིང་མཛོད་ཅིག་དང་ལོ་ཙཱ་གཞུང་ལུགས་གཏན་ལ་ཕབ་པའི་བསྟན་བཅོས་ཤིག་ཡིན་ལ། ཡིག་ཆ་འདིའི་ནང་དུ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་སྔོན་ལྷ་སྲས་ཡབ་ཀྱི་དགོངས་པ་རྒྱུན་བསྐྱངས་ལ། ཡབ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་མཛད་པའི་བཀས་བཅད་དང་པོའི་རྨང་གཞི་ལ་བརྟེན་ནས་སྔོན་རྒྱལ་རབས་རིམ་བྱུང་གི་ནང་དུ་རྒྱ་བོད་ལོ་པཎ་རྣམས་ཀྱིས་ཐེག་པ་ཆེ་ཆུང་ལའང་བྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་བའི་སངས་རྒྱས་ཀྱི་བཀའ་དང་། བསྟན་བཅོས་ཡོད་དོ་ཅོག་ལ་ཞིབ་འཇུག་ནན་ཏན་བྱས་པ་དང་འབྲེལ། བསྒྱུར་ཡིག་རྣམས་ལ་དག་ཞུས་དང་གཞུང་ཚད་བམ་གྲངས་ངེས་པར་བྱས་ནས་སྐད་ཀྱི་དཀར་ཆག་ཏུ་བྲིས་ནས་བཙན་པོའི་སྤྱན་སྔར་རྗེ་བློན་གདན་འཛོམས་ལ་ཞུས་ནས་བཀས་བཅད་དེ་བརྩམས་པ་ཞིག་ཡིན།


 གཉིས་པ། དཔེ་འདྲེན་པའི་ཐབས་ཀྱིས་ས་པཎ་གྱི་ལོ་ཙཱ་བརྟག་པ་རགས་བཤད།

1.ངོ་བོ་བཤད་པ།
        ལོ་ཙཱའི་བརྟག་པ་ནི་ངོ་བོའི་ཆ་ནས་བརྗོད་ན་གདེང་འཇོག་བྱ་སྤྱོད་ཅིག་ཡིན་ཞིང་། གདེང་འཇོག་གི་བྱ་བ་ཇི་ལྟར་སྤེལ་བ་དེ་ཡང་ཚད་ངེས་ཅན་ཞིག་ནས་བརྗོད་ན་བརྟག་མཁན་དེའི་ཐོབ་ཐང་དང་ཡོན་ཏན། ཀུན་སློང་། དགོངས་པ། འཇུག་སྒོ་སོགས་དང་ཡང་འབྲེལ་བ་ལྡན། དེ་ཡང་ས་པཎ་གྱི་《སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས།》ལས་“གོ་བ་དང་ནི་རྟོགས་པ་གཉིས། རྣམ་གྲངས་སྒྲ་ཡིན་ངོ་བོ་གཅིག རྒྱ་སྐད་གཅིག་ལ་ལོ་ཙཱ་བའི། འགྱུར་གྱི་དབྱེ་བ་ཁོ་ནར་ཟད། །རྟོགས་པ་གསལ་དང་མི་གསལ་ལ། །གོ་དང་རྟོགས་པར་འདོགས་ན་ཐོགས། །” ཞེས་ལོ་ཙཱའི་བརྟག་མཁན་དེ་ལ་བསྒྱུར་བའི་ཡུལ་གྱི་ནང་དོན་དང་ཐ་སྙད་ལ་ཆ་རྒྱུས་མེད་པ་དང་གོ་རྟོགས་དངོས་སུ་མ་སྐྱེས་ནས། གདེང་འཇོག་མེད་པར་རང་སྣང་ཅི་འདོད་ཀྱིས་བརྟག་པ་བྱས་ན་འགྱུར་ཕན་ཚུན་གྱི་ལེགས་ཆ་ཤེས་དཀའ་ལ་གནད་ལ་ཁེལ་བའི་སྐྱོན་ཡང་འཚོལ་མི་ཐུབ་པས་འགྱུར་གྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་ཡང་སྟོང་བསམ་སྨྲ་ཁམ་ཆེ་བ་ཙམ་ཁོ་ན་ཙམ་ཡིན་པར་བསྟན། གཞན་ད་དུང་དོན་དངོས་དང་མཐུན་ཞིང་འདྲ་མཉམ་ཡིན་པ། བདེན་པ་བདེན་ཐུ་ཅན་གྱི་དགག་གཞག་གི་བློ་སྦྱོང་ཞིག་ཀྱང་དགོས་ཏེ། ལོ་ཙཱའི་བརྟག་མཁན་ཞིག་གི་འགན་འཁྲིའི་འདུ་ཤེས་སེམས་སུ་ངེས་པ་དང་ཀུན་སློང་གཙང་མ་བཅས་ཀྱི་རྩ་དོན་ལྟར་བསྒྲུབ་ཅིང་། བསྙོན་མེད་ཀྱི་བརྟག་པའི་རྩ་དོན་དང་ཚད་གཞི་གང་ཞིག་མཁྲེགས་འཛིན་བྱས་ཏེ་མཐའ་གཅིག་ཏུ་བྱས་ཉེས་ཐེར་འདོན་དང་སྐྱོན་བརྗོད་བྱེད་པ་གཏན་ནས་མ་ཡིན་ནོ། །

2.རྩ་དོན་བཤད་པ།
        ལོ་ཙཱའི་བརྟག་པའི་ཚུལ་དང་མཐུན་པར་བདེ་བླག་ངང་སྤེལ་བ་ལ་ཐོག་མར་ཐག་གཅོད་དགོས་པ་ཞིག་ནི་དེའི་རྩ་དོན་གྱི་གནད་དོན་དེ་ཡིན། ལོ་ཙཱའི་བརྟག་པའི་རྩ་དོན་ཞེས་པ་ནི། ལོ་ཙཱའི་བརྟག་པའི་ལྟ་ཚུལ་དང་མཐོང་རྒྱ། བྱེད་ཐབས་སྨྲ་བ་སོགས་དང་འབྲེལ་བ་ལྡན་ཏེ། ལོ་ཙཱའི་བརྟག་པའི་ཁྱབ་རྒྱ་ལ་གཞིགས་དགོས་པར་མ་ཟད། ལོ་ཙཱའི་བརྟག་པ་བྱེད་པའི་ཆ་རྐྱེན་དང་རྣམ་འགྱུར་སོགས་ལའང་མནོ་བསམ་གཏོང་དགོས། ཡང་ཞུའུ་རུང་ལགས་ཀྱི《 ལོ་ཙཱའི་བརྟག་པའི་གླེང་གཞིར།》 ཞེས་པའི་ནང་དུ་མཁས་དབང་སོ་སོའི་ལོ་ཙཱའི་བརྟག་པའི་རྩ་དོན་བསྡོམས་ཏེ་ལོ་ཙཱ་བརྟག་པ་ལངས་ཕྱོགས་དང་མཐོང་རྒྱ། བྱེད་ཐབས་བཅས་བང་རིམ་གསུམ་གྱི་སྒོ་ནས་ལོ་ཙཱའི་བརྟག་པའི་རྩ་དོན་གསུམ་སྤྱིར་བསྡོམས་བྱས་ཡོད། སྐད་གཉིས་སྨྲ་བ་ས་པཎ་གྱིས་“ལོ་ཙཱ་བ་ནི་ནེ་ཙོ་ལྟ་བུའོ། ”ཞེས་པ་བཞིན་སཾ་བོད་སྒྲ་སྒྱུར་གྱི་གཞུང་ལུགས་སྒྲ་སྦྱོར་བམ་གཉིས་ཀྱི་དགོངས་དོན་གཞིར་བཞག་ནས་འགྱུར་སྔ་མའི་ཐོག་ཏུ་གནས་པའི་ལོ་ཙཱའི་འགྱུར་སྐྱོན་དང་། བརྡ་དོན་སྤྲོད་ལུགས་ཀྱི་སྐྱོན་སོགས་ལ་དབྱེ་ཞིབ་བརྟག་དཔྱད་ཀྱི་འཕྲིན་ལས་བསྐྱངས་ནས་བོད་ཀྱི་ལོ་ཙཱའི་གཞུང་ལུགས་སྔར་ལས་འཐུས་ཚང་དུ་བཏང་ཡོད།

 གསུམ་པ། ས་པཎ་གྱི་ལོ་ཙཱའི་བརྟག་པའི་ཚད་གཞི།

1.བསྒྱུར་བྱ་མ་ཡིག་གི་ཚིག་དོན་ལ་བརྟག་པའི་ཚད་གཞི།
        སྤྱིར་ན་ལོ་ཙཱའི་བརྟག་པར་བསྒྱུར་བྱ་གང་དེར་གོ་བ་དཔྱིས་ཕྱིན་པ་ཞིག་ལོན་ཏེ་འགྱུར་ཡིག་ནང་གི་སྒྲ་དོན་གཉིས་གཤིབ་བསྡུར་བྱས་ནས་སྐྱོན་ཡོན་ཉིས་ཆར་གོ་བ་དཔྱིས་ཕྱིན་པ་ཞིག་ལོན་རྒྱུ་ནི་ལོ་ཙཱའི་བརྟག་པའི་བྱ་བའི་སྔོན་འགྲོ་ཡིན། དེ་ལས་ས་པཎ་ཁོང་གི《 སྡོམ་གསུམ་རབ་དབྱེ།》ལས་“རྒྱ་སྐད་ལངྒ་པཱུ་རི་ལ། །པཱུ་རིའི་སྒྲ་ནི་གྲོང་ཁྱེར་ཡིན། །བོད་སྐད་ལངྒའི་གྲོང་ཁྱེར་ཏེ། །ལྷོ་ཕྱོགས་རྒྱ་མཚོའི་གླིང་ན་ཡོད། །འོན་ཀྱང་རྒྱ་སྐད་མ་ཤེས་པར། །པུ་རངས་སུ་ནི་འཆད་པ་དང་། །……. བླུན་པོ་རྣམས་ལ་ལེགས་ལེགས་འདྲ། །མཁས་པས་མཐོང་ན་བཞད་གད་གནས། །” བསྒྱུར་བྱ་གང་ཞིག་གི་ལེགས་སྦྱར་གྱི་སྒྲ་དོན་དཔྱིས་ཕྱིན་པ་ཞིག་མ་རྟོགས་པས་དོན་གྱི་གོ་བ་འཁྲུལ་བ་དང་། དེ་དག་བོད་སྐད་དུ་བསྒྱུར་བར་ཡང་གནད་ལ་མ་ཁེལ་པའི་སྐྱོན་ཅི་རིགས་བྱུང་བ་རྣམས་ལོ་ཙཱའི་བརྟག་མཁན་ས་པཎ་ལགས་ཀྱིས་བརྟག་པའི་སྒོ་ནས་སྤང་བྱ་ཡིན་པར་བསྟན།

2. བརྡ་གསར་རྙིང་གི་ཁྱད་པར་ལ་བརྟག་པའི་ཚད་གཞི།
        《 མཁས་འཇུག》ལས།“བོད་ཀྱི་སྐད་ལ་མི་ཤེས་པ།། ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན།། འགའ་ཞིག་འགྱུར་གྱི་བྱེ་བྲག་དང་། ཡུལ་སྐད་དག་གིས་བསྒྲིབས་པའང་ཡོད།། ” ཅེས་གསུངས་ཏེ། བོད་ཀྱི་སྐད་ལ་འཆད་པ་པོ་དག་གིས་ཅུང་ཟད་མ་ཤེས་པ་ཡོད་དེ། སྔ་ཕྱིའི་ལོ་ཙཱ་རྣམས་ཀྱིས་སྒྲ་དོན་གཅིག་ལ་བརྡ་གསར་རྙིང་གི་འགྱུར་ཐབས་མི་འདྲ་བ་སྤྱད་དེ་ཁྱད་པར་བྱུང་བའི་དཔེ་ལ། ཧྭགས་ལ་བྱེ་མ་ཀ་ར་དང་། གླ་གོར་ཞོ་ཤ་ལ་གོ་ཡུ་དང་། རིན་ཆེན་ཏོག་ལ་རིན་ཆེན་དབལ། །ནམ་ཡང་ལ་གཞར་ཡང་ལ་སོགས་བོད་ཀྱི་བརྡ་རྙིང་བར་བསྒྱུར་བ་རྣམས་དེང་སང་གོ་དཀའ་ཞིང་ཐེ་ཚོམ་ལོག་རྟོག་གི་རྒྱུ་རུ་འགྱུར་ངེས། གཞན་ཡང་ཁ་ཤས་ཀྱིས་གདུགས་དཀར་ལ་ཚད་སྐྱོབ་དཀར་པོར་བསྒྱུར་བ་དང་། སྨོན་ལམ་ལ་ཡོངས་སུ་བསྒྱུར་བ། དགེ་བ་ལ་ངན་འབྱོལ་དུ་བསྒྱུར་བ་སོགས་ནི་སྒྲའི་ཁམས་མ་ཤེས་ན་གོ་དཀའ་ཞིང་། སྒྲ་འགྱུར་ཉིད་ལ་ཁམས་ཐ་དད་ཀྱིས་འགྲོ་བ་ཡོད་པ་དཔེར་ན། ཀཱ་ཡའི་སྒྲ་དབྱངས་སུ་འགྲོ་བ་དང་། ལེན་པའི་སྒྲ་གཅད་པར་འགྲོ་བ། །འཁོར་བའི་སྒྲ་འཁྲུལ་བར་འགྲོ་བ་སོགས་སྒྲའི་ཁམས་ཐ་དད་དུ་སོང་བ་མ་ཤེས་ན་གོ་དཀའ་བར་འགྱུར་སྲིད། འདི་ནི་དོན་གྱིས་སྒྲ་བསྒྱུར་བའི་བརྡ་དང་ཐ་སྙད་རྣམས་གཅིག་གྱུར་དང་ཚད་ལྡན་དུ་མ་བྱུང་བའི་འགྱུར་སྐྱོན་བསྟན་པ་དང་། སྒྱུར་ཐབས་མི་འདྲ་བ་ལས་བྱུང་བའི་ཉེས་སྐྱོན་ལ་བརྟག་པས། ཁོང་གིས་བྱ་བའི་ངོ་བོ་དང་ཁྱད་པར་དུ་སྐྱེད་བྱེད་ཀྱི་རྒྱུ་རྐྱེན་དང་བཅས་པར་བརྟག་པ་ཞིབ་ཚགས་གནང་ཡོད།

3.བསྒྱུར་བྱའི་མ་ཡིག་གི་རིག་གནས་དང་ལོ་རྒྱུས་རྒྱབ་ལྗོངས་དང་བསྟུན་ནས་བརྟག་དགོས་པའི་ཚད་གཞི།
        དེ་ཡང་ལོ་ཙཱ་བྱ་བ་ནི་བསྒྱུར་བྱ་གང་ཞིག་གི་ཚིག་གདོང་རེ་རེའི་འགྱུར་ཡིག་དང་བསྟུན་ནས་ཕབ་པ་ཞིག་མ་ཡིན་ལ་དེའི་སྐད་དང་ཡིག་རིགས་མི་གཅིག་པའི་མི་རིགས་བར་གྱི་རིག་གནས་དང་ཤེས་བྱ་འབྲེལ་འདྲིས་བྱེད་པའི་ཟམ་པའམ་ལྡེ་མིག་ལྟ་བུའི་རིག་གནས་ཀྱི་རྩོལ་ལས་ལྟ་བུ་ཡིན་ལ། 《 མཁས་འཇུག》ལས“དེ་བཞིན་དུ་རྒྱལ་པོ་མིའི་བདག་པོའམ།། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་ཐམས་ཅད་ལ་བརྟགས་ཏེ་ཤེས་པར་བྱའོ།། དེ་ལྟར་ཚིག་གི་དོན་ལེགས་པས་ཤེས་པར་འདོད་ན། རིག་པའི་གནས་ལྔ་ཀ་ལ་ཅི་རིགས་པར་སྦྱང་དགོས”ཅེས་ལོ་ཙཱ་བྱེད་པར་ལའང་བསྒྱུར་བྱ་སྒྱུར་བྱེད་ཀྱི་སྐད་རིགས་གཉིས་ལ་མཁས་དགོས་པར་མ་ཟད། ལོ་ཙཱ་བ་ཞིག་ཡིན་ན་ཐོག་མར་རིག་པའི་གནས་ལྔ་ལ་དབང་འབྱོར་བའི་པཎྚི་ཏ་ཞིག་ཡིན་དགོས་པ་བསྟན། དེ་ལའང་བསྡོམས་པའི་བསྒྲགས་གཏམ་ཙམ་མ་ཡིན་པར་རིགས་པའི་ལམ་ནས་ཡང་དུ་གསལ་འདེབས་བྱས་ཡོད་པ་ནི“ལ་ལ་སྔོན་རབས་ལས་བྱུང་བའི། །གཏམ་རྒྱུད་ལེགས་པར་མ་ཤེས་པས། །མིང་གི་རྒྱུ་མཚན་མ་རྟོགས་ནས།། ལོག་པར་བསྒྱུར་བ་ཅུང་ཟད་མཐོང་།” ཞེས་པ་བཞིན་མི་རིགས་སོ་སོའི་ཐ་སྙད་མང་པོ་ཞིག་ནི་འབྱུང་གཞིའི་གཏམ་རྒྱུད་ལ་སྦྱར་ནས་ཡོད་པས། དེ་དག་བསྒྱུར་བ་ལ་ཐོག་མར་གཏམ་རྒྱུད་དེ་དང་འབྲེལ་བའི་རིག་གནས་དང་ལོ་རྒྱུས་མ་ངེས་པར་དོན་སྒྱུར་བྱས་པའི་སྐྱོན་རྣམས་དྲངས་ཞིང་བརྟག་པའི་ཚད་གཞི་བསྟན་ནོ། །

4. ལེགས་སྦྱར་སྐད་ཀྱི་སྒྲ་སོར་འཇོག་ཚུལ་ལ་བརྟག་པའི་ཚད་གཞི།
        སྔོན་རབས་ལོ་ཆེན་ཐོན་མི་ཨ་ནུའི་བུ་ལ་སོགས་པས་ལེགས་པར་སྦྱར་བ་བོད་ཀྱི་སྐད་དུ་བསྒྱུར་བ་ལ་དབྱངས་གསལ་ཡན་ཆད་རང་སོར་འཇོག་པའི་སྲོལ་ཞིག་ཤུགས་ཀྱིས་དར་བ་དང་། དེ་ནས་སྐད་གསར་བཅད་གཉིས་པའི་དུས་སུ་ལེགས་སྦྱར་སྐད་རྐྱང་པ་བཤད་མི་འཚལ་བ་རྣམས་སྒྲ་བཙན་པར་བགྱིས་ཏེ་སོར་ན་འཇོག་དགོས་པའི་བཞེད་ཚུལ་བསྟན། འོན་ཀྱང་རྒྱ་གར་གྱི་སྐད་སོར་བཞག་བྱེད་པ་ལ་སྐད་གདངས་དང་ཡི་གེའི་གཟུགས་གང་ཞིག་གཙོ་བོར་འཛིན་དགོས་པའི་ཐད་དུ་བོད་ཀྱི་ལོ་པཎ་རྣམ་པའི་དགོངས་བཞེད་ཅུང་མི་མཐུན་པར་ཡུན་རིང་པོའི་བར་དུ་རྩོད་པ་བྱུང་བ་རེད། སྐད་གཉིས་སྨྲ་བ་ས་པཎ་ལགས་ཀྱིས་ལོ་ཙཱ་བ་སྔ་མས་ལེགས་སྦྱར་སྐད་རང་སོར་བཞག་པ་ལ་སྒྲ་དག་པར་མ་ཐོན་པའི་སྒྲ་སྐྱོན་དང་སྒྲ་དོན་ཆད་ལྷག་ཏུ་སོང་བའི་སྐྱོན། སྒྲ་དང་ཡི་གེའི་ཚོགས་སྦྱོར་གཉིས་ཀར་ལ་བྱུང་བའི་སྒྲ་གཟུགས་ཀྱི་སྐྱོན་སོགས་བརྟག་པའི་སྒོ་ནས་གསེད་བཀྲོལ་མཛད་དེ། ལོ་ཙཱའི་ཁྲོད་སྒྲ་སོར་འཇོག་ཐད་ཀྱིས་བརྟག་པའི་ཚད་གཞི་གསལ་དུ་བསྟན་པ་ལགས། དཔེར་ན། གསང་སྔགས་ཀྱི་ཚིག་ཐུ་བ་དག་གི་སྒྲ་དོད་སྦྱར་བར་དབྱངས་གསལ་གྱི་ཆད་ལྷག་བྱུང་བ་དཔེར་ན། སྭོཧ་ཡ་ཡོད་པ་རྣམས་ལ་འཁྲི་བ་དང་། མེད་པ་རྣམས་ལ་བསྣན་པ་དང་། གཞན་ཡང་སྔགས་ཀྱི་གནད་རྣམས་ལ། ཉམས་ཤིང་འགྱང་བ་དུ་མ་མཐོང་། ཞེས་ལེགས་པར་སྦྱར་བ་བོད་ཀྱི་སྐད་དོད་དུ་བྲིས་པར་སྒྲ་ཇི་བཞིན་སོར་བཞག་མ་ཐུབ་པས་སྒྲ་མ་དག་པ་དང་། སྒྲ་དོན་ཆད་ལྷག་སོང་བ། སྒྲ་གཟུགས་འགྱུར་བ་སོགས་ཀྱི་སྐྱོན་བཏོན་ཏེ་སྒྲ་སོར་འཇོག་སྐོར་གྱི་གནད་རྣམས་བརྟག་པའི་བསྡོམས་ཚིག་གམ་བརྟག་པའི་ཚད་གཞི་གསལ་པོར་དུ་བསྟན་པ་ཡོད་དོ། ། 

◆ རྩོམ་པ་པོ། དཔལ་མོ་བློ་བཟང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་2017ལོའི་ཞིབ་མཇུག་སློབ་མ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1