༄༅།།སྐར་མ་མིག་དམར་སྟེང་དུ་ལོ་ངོ་ཁྲི་བཅུ་ཕྲག་ལྷག་ལ་བཞུར་བའི་གཙང་པོ་ཞིག་ཡོད་པའི་བདེན་དཔང་ཐོག་མ་རྙེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-02


        ཚན་རྩལ་ཉིན་རེའི་ཚགས་པར་སྟེང་སྤེལ་བའི་གསར་འགྱུར་ལྟར་ན། ད་ལྟའི་སྐར་མ་མིག་དམར་ནི་གསོན་ཤུགས་ཆེན་པོ་མེད་པའི་བྱེ་རྡུལ་གྱི་འཇིག་རྟེན་ཞིག་དང་འདྲ་ནའང་། སྐར་མ་མིག་དམར་ཕྱི་ངོས་ཀྱི་པར་རིས་ལས་ཤེས་རྟོགས་ཐུབ་པ་ནི། སྐར་མ་མིག་དམར་སྟེང་དུ་པ་ཏྲའི་རིས་སུ་བཏབ་པ་ལྟ་བུའི་གཙང་བོ་དང་ཆུ་བོ་ཆེན་པོ་ཡོད། ཟླ5པའི་ཚེས5ཉིན། དབྱིན་ཇིའི《ཚན་རིག་པ་གསར་པ》ཞེས་པའི་དྲ་ཚིགས་སྟེང་། ཧོ་ལན་རྒྱལ་ཁབ་ཀྱི་ཚན་རིག་པས་སྐར་མ་མིག་དམར་སྟེང་དུ་ལོ་ངོ་ཁྲི་བཅུ་ཕྲག་ལྷག་ལ་བཞུར་བའི་གཙང་པོ་ཞིག་ཡོད་པའི་བདེན་དཔང་ཐོག་མ་རྙེད་པའི་གནས་ཚུལ་བཀོད་ཡོད།
        ཝུའུ་རྡི་ལི་ཀྲུ་སློབ་ཆེན་གྱི་སའེ་ལི་དང་ཁོང་གི་ལས་གྲོགས་ཀྱིས་སྐར་མ་མིག་དམར་གྱི་ཧེ་ལ་སི་གཤོང་སའི་ནུབ་བྱང་ཕྱོགས་སུ་བྲག་གཟར་མཐོན་པོ་ཞིག་རྙེད་པ་དང་། དེ་ནི་བཞུར་རྒྱུན་རིང་བའི་གནའ་བོའི་གཙང་བོ་ཞིག་གིས་ཉམས་ཟད་དུ་བཏང་བ་དང་འདྲ་ལ། གསར་དུ་རྙེད་པའི་བྲག་གཟར་དེའི་མཐོ་ཚད་ལ་སྨི200དང་ཞེང་ལ་སྨི1.5ཡོད། བྲག་གཟར་འདི་འདྲ་བ་ཞིག་གྲུབ་པར། ཆེས་ཉུང་ནའང་ལོ་ངོ་ཁྲི10ལྷག་ལ་བཞུར་བའི་གཙང་བོས་རྟག་ཏུ་བརྡར་བའམ་ཟེགས་རྡོ་བསགས་དགོས་པ་རེད། ཞིབ་འཇུག་ཚན་ཆུང་གིས་ཨ་རིའི་རྒྱལ་ཁབ་མཁའ་སྐྱོད་མཁའ་འགྲུལ་ཅུས(NASA)ཡི་མིག་དམར་བརྟག་ཞིབ་འཁོར་ལམ་འཕྲུལ་ཆས་ཀྱི་ཚན་རིག་པར་ཆས་སྤྱད་དེ་བྲག་གཟར་དེ་མཐོང་བ་རེད།
        སའེ་ལིས་བཤད་རྒྱུར། དུས་རྒྱུན་མིག་དམར་གྱི་འཁོར་སྐར་བརྙན་རིས་ཀྱི་ལྟ་ཕྱོགས་ནི་ཐུར་བལྟ་ཡིན་པས། ང་ཚོས་བསགས་དངོས་ཀྱི་རྩེ་མོའི་པར་རིས་ལས་མཐོང་མི་ཐུབ། ཐེངས་འདིར་ང་ཚོས་དྲང་ཐད་ཀྱི་ལྟ་ཕྱོགས་ཀྱིས་བྲག་གཟར་དེར་བལྟས་ཏེ3Dབརྙན་རིས་བཟོས་པ་ཡིན་ཟེར།
        སའེ་ལིས་གསལ་བཤད་བྱེད་རྒྱུར། མཐོ་ཚད་ལ་སྨི200ཡོད་པའི་བྲག་གཟར་རམ་བསགས་དངོས་འདི་འདྲ་ཞིག་གྲུབ་པར། གཤེར་གཟུགས་ཆུའི་ཁོར་ཡུག་ཆེན་པོ་ཞིག་དགོས་པ་ཡིན། དེས་མིག་དམར་སྟེང་དུ་སའི་གོ་ལ་དང་མཚུངས་པའི་ཉིན་མཚན་དབྱེར་མེད་དུ་བཞུར་བའི་ཆུའི་འཁོར་རྒྱུག་ཡོད་པ་མཚོན་ཡོད།
        ཧེ་ལ་སི་གཤོང་ས་ནི་མིག་དམར་གྱི་གོ་ལ་ཕྱེད་ལྷོ་མར་གནས་པ་དང་། སྔོན་ཆད་དེར་མཚོ་ཆེན་པོ་གཅིག་གམ་གཙང་བོ་རབ་དང་རིམ་པ། ཟུར་གསུམ་གླིང་ཕྲན་སོགས་ཡོད། སའེ་ལིས་བཤད་པ་ལྟར་ན། ས་གཤིས་འདི་དག་གིས་ང་ཚོས་མིག་དམར་སྟེང་དུ་གནའ་བོའི་སྲོག་ཆགས་འཚོལ་བར་བདེན་དཔང་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1