༄༅།།བྱིས་པའི་དུས་ཆེན་ལ་ཕུལ་བ།

རེ་རྐང་གླིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-02




ཟླ་དྲུག་པའི་འཇམ་མཉེན་གྱི་ཕྱག་ཟུང་གིས།
ངེད་གཉིས་ཀྱི་རྨི་ལམ་གྱི་གཡེར་ཁ་འཁྲོལ།
བདག་ཡིད་ཀྱི་སྒོ་མོ་ཕྱེ་བ་དེ་བཞིན།
ཁྱོད་སེམས་ཀྱི་སྒེའུ་ཁུང་ཡངས་པོར་ཕྱེས།

སྙིང་ཁར་འཐེན་པའི་རྐང་ལམ་གྱི་ཡལ་གའི་སྒང་ལ།
སྦྲང་མ་རེ་གཉིས་ཀྱིས་ཕབ་རྩི་བྱུག
ཆར་ཟིལ་གྱིས་བརླན་པའི་ཞོགས་པ་འདིས།
ཁྱོད་ཀྱི་སོང་ཚར་བའི་ལོ་ཟླ་ཡོད་ཅོག
གཉེར་རིས་ཀྱི་ཀློང་ལ་རི་མོར་རྐོ་བཞིན་འདུག

བཞུར་བཞིན་པའི་སེམས་པ་འདི།
ཁྱོད་ངེས་པར་བརྒལ་དགོས་པའི་གཙང་པོ་དེ་ཡིན་ན།
ཁྱོད་ཀྱིས་ལྷམ་སྒྲོག་བཀྲོལ་ཏེ་གྲ་སྒྲིག་གྱིས་དང་།
ཆུ་ཞབས་ཀྱི་རྡོ་བ་འཇམ་པོ་དེས།
ངས་ཁྱོད་ལ་རབ་ཁ་བརྒལ་དང་ཆོག་པའི།
ལམ་བུ་ཞིག་བཟོས་ནས་ཡོད།

ཁྱོད་ཀྱི་ལག་པ། ནམ་ཞིག་པིར་སྨྱུག་ཅིག་ཏུ་གྱུར་ཏེ།
ལོ་འདབ་ཚང་ཚིང་གི་རང་ཉིད་འབྲི་དུས།
རི་མོའི་སྟེང་གི་ནག་ནོག་གི་དྲི་མ་དང་།
ལྗོན་པའི་འདབ་ལོ་གཅོད་པའི་སྟ་རེ་དང་སྟེའུ།
རེ་རེ་བཞིན་མདངས་འཚེར་བའི་ཁ་དོག་རེ་རེས་བྲི་དགོས།
དེ་ལྟར། ཐག་རིང་གི་ག་དུས་ཤིག་ལ།
ཁྱོད་གཅིག་པུས་རི་མོ་བྲི་དུས།
ད་ལྟའི་རང་བྱུང་གི་སྣང་བ་འདི་དག
ཤ་ཁྲག་གི་རི་མོར་བཀོད་ནས།
ལོ་ན་ལས་ཟབ་པའི་རང་ཉིད་ཀྱི་སྙིང་ཁ་ལ།
མི་མགོ་ཡི་ཕྲེང་བ་ཞིག་བྲི་དགོས་ཤིང་།
མཆི་མའི་རྒྱུན་གྱིས་དེད་པའི་གྲུ་ཤན་དེའི་མགོ་ལ།
ང་ཡི་རྣམ་ཤེས་ཀྱི་དར་ཆ་མཐོན་པོར་བསྒྲེང་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1