ལི་ཐང་རྫོང་གི་2020ལོའི་རྣམ་གྲངས་གལ་ཆེན་དང་ལི་ཐང་འབྲུག་ཤུལ་དབྱང་རླུང་བཟོ་སྐྲུན་རྣམ་གྲངས་ལས་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-03



        ཟླ་5པའི་ཚེས་31ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གིས་རྣམ་གྲངས་གལ་ཆེན་དང་ལི་ཐང་འབྲུག་ཤུལ་དབྱང་རླུང་བཟོ་སྐྲུན་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་སྤེལ་ཞིང་། ད་ལོར་རྫོང་དེས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་10.49བཏང་བའི་ནང་མ་དངུལ་སྒོར་དུང་ཕྱུར་8.05ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་བཟོས་ཡོད་པ་རེད།

འདི་ནི་ལས་འགོ་ཚུགས་པའི་མཛད་སྒོ་རེད།

           རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་འཕེལ་རྒྱས་ཕྱིན་པ་བརྒྱུད། ལི་ཐང་རྫོང་གིས་མ་དངུལ་འཇོག་ཚད་རྒྱུན་ཆད་མེད་པར་འཕར་སྣོན་བྱུང་བ་དང་། རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་མངོན་གསལ་བྱུང་ཞིང་། བསྟུད་མར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་ཕྱིན་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོར་གྱུར་ཡོད། ལི་ཐང་རྫོང་གིས་རྒྱལ་ཁབ་དང་། ཞིང་ཆེན་དང་ཁུལ་གྱི་གཟིགས་སྐྱོང་སྲིད་ཇུས་དང་མ་དངུལ་འཇོག་པའི་ཁ་ཕྱོགས་ལ་དམིགས་ཏེ། གོ་སྐབས་དམ་འཛིན་གྱིས་རྣམ་གྲངས་འཆར་འགོད་དང་། བརྩོན་ལེན། སྐུལ་འདེད་བཅས་ཀྱི་ཐད་ཤུགས་བརྒྱབ་ཡོད། 2020ལོར་སླེབས་སྐབས་ལི་ཐང་རྫོང་དུ་བསྡོམས་པས་གཙོ་གནད་རྣམ་གྲངས་35ཡོད་ཅིང་། དེར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་10.49བཏང་བའི་ནང་མ་དངུལ་སྒོར་དུང་ཕྱུར་8.05 ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་ ཡོད་པ་དང་། 2020ལོར་ཁུལ་རིམ་པའི་གཙོ་གནད་རྣམ་གྲངས་ནང་རྣམ་གྲངས་བདུན་བཅུག་ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་3.632བཏང་ནས་2020ལོར་མ་དངུལ་སྒོར་དུང་ཕྱུར་1.3771གཏོང་རྒྱུའི་འཆར་གཞི་བཟོས་ཡོད། 
           ངོ་སྤྲོད་བྱས་པ་ལྟར་ན། ལི་ཐང་འབྲུག་ཤུལ་དབྱང་རླུང་བཟོ་སྐྲུན་རྣམ་གྲངས་འཛུགས་སྐྲུན་གྱི་ནང་དོན་ལ་ཐོན་སྐྱེད་བཟོ་གྲྭའི་ཚད་ལྡན་གྱི་བཟོ་ཁང་དང་། དོ་དམ་སྡོད་ཁང་། དབྱང་རླུང་མཁོ་འདོན་ཞབས་ཞུ་ལྟེ་གནས་སོགས་ཡོད་ཅིང་། དེར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་1.2ཉེ་བ་བཏང་བ་དང་། རྒྱ་ཁྱོན་ལ་མུའུ་40ལྷག་ཙམ་ཟིན་ཞིང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི་14ཟིན་ཡོད། འཛུགས་སྐྲུན་བྱེད་པའི་དུས་ཡུན་ལོ་འཁོར་གཉིས་ཡིན་ཞིང་།  དེར་ཐོན་སྐྱེད་དང་། ཞིབ་འཇུག་གསར་སྤེལ། བདེ་ཐང་ཉམས་ལེན། ཞབས་ཞུ། ཚོང་དོན། དངོས་ཟོག་འགྲེམས་སྐྱེལ་བཅས་གཞི་གཅིག་ཏུ་བསྡུས་ཤིང་། ཚོང་རར་དབྱང་རླུང་བཟོ་ཆས་དང་། བདེ་ཐང་ངང་དབྱང་རླུང་སྤྱོད་པ་སོགས་མཁོ་འདོན་བྱ་རྒྱུ་རེད། ལི་ཐང་རྫོང་འབྲུག་ཤུལ་དབྱང་རླུང་སྒྲིག་ཆས་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་དབྱང་ཀྲེན་ཧྥན་གྱིས་བཤད་རྒྱུར། ས་མཐོའི་མང་ཚོགས་ཀྱིས་དབྱང་རླུང་མཁོ་འདོན་བྱེད་པར་ངང་སྒུག་བྱེད་པའི་རེ་བ་སྟོང་ཟད་དུ་མི་གཏོང་བར། ས་མཐོའི་མང་ཚོགས་རྣམས་ཀྱི་དབྱང་རླུང་མི་འདང་བའི་དཀའ་ངལ་སེལ་གང་ཐུབ་བྱེད་པར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
           2020ལོར་ལི་ཐང་རྫོང་གིས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་དུང་ཕྱུར་12གཏོང་བའི་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱ་རྒྱུ་དང་། གཙོ་གནད་རྣམ་གྲངས་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་རྣམ་གྲངས་ཀྱི་སྤུས་ཚད་མཐོ་རུ་བཏང་སྟེ། རྣམ་གྲངས་སྔ་མོ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་བེད་སྤྱོད་རྒྱུར་སྐུལ་འདེད་བཏང་ནས་རྣམ་གྲངས་ལ་བརྟེན་ནས་ཐོན་ལས་ཀྱི“སྦྲེལ་མཐུད་དྲག་པོ”དང་། རྨང་གཞིའི་སྒྲིག་བཀོད“དྲ་རྒྱར”ཆགས་པ།  སྣོད་བཅུད་སྲུང་སྐྱོང་གི་“རྒྱ་སྐྱེད་ཚད”ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་དམངས་འཚོའི“ཞན་ཆ་གསབ་པ”བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། 
           ལས་འགོ་ཚུགས་པའི་མཛད་སྒོའི་སྟེང་། ལི་ཐང་རྫོང་གིས་སྡེ་ཁག་སོ་སོས་ཐེངས་འདིའི་གཅིག་བསྡུས་ལས་འགོ་འཛུགས་པའི་བྱེད་སྒོ་གོ་སྐབས་སུ་བཟུང་སྟེ། ངེས་པར་དུ་སྒུག་མི་ཐུབ་པའི་བྲེལ་འཚུབ་ཀྱི་འདུ་ཤེས་དང་། དལ་དྲགས་མི་རུང་བའི་ཉེན་ཁའི་འདུ་ཤེས། འདུག་མི་ཐུབ་པའི་འགན་འཁྲིའི་འདུ་ཤེས་བཅས་ཡོད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་རྣམ་གྲངས་ཀྱི་མ་དངུལ་འཇོག་པའི་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དུ་གཏོང་བའི་དོན་གལ་ཆེའི་ནང་གི་འགངས་ཆེན་དུ་འཛིན་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་རྣམ་གྲངས་ལ་བརྟེན་ནས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ་དང་། རྣམ་གྲངས་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ་བྱེད་པ། རྣམ་གྲངས་ལ་བརྟེན་ནས་འགན་འཁྲི་མངོན་པར་བྱེད་པ་བཅས་ཀྱི་ཐོག་ནས་མ་འཇོག་བྱེད་མཁན་དེ་བས་མང་བ་ས་མཐོར་མ་འཇོག་ལས་གཏོད་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་པ་དང་། རྫོང་དེ་ཡོངས་ཀྱི་དཔལ་འབྱོར་གྱི་མྱུར་ཚད་མཐོ་བ་དང་སྤུས་ཚད་མཐོ་བ་མཉམ་གཅིག་ཏུ་གལ་ཆེར་བརྩིས་ནས་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཏེ། སྔར་ལས་མགྱོགས་པའི་སྒོ་ནས་ས་གནས་ཀྱི་མང་ཚོགས་ལས་ཞུགས་ལས་གཏོད་དང་དབུལ་སྒྲོལ་འབྱོར་འབྲིང་སྤྱི་ཚོགས་སུ་ཕྱོགས་པར་སྐུལ་ཁྲིད་བྱ་རྒྱུའི་རེ་བ་བཏོན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1