ལི་ཁེ་ཆང་གིས་ཧྲན་ཏུང་དུ་རྟོག་ཞིབ་མཛད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 06-04


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་གཅིག་ཉིན་ནས་ཚེས་གཉིས་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧྲན་ཏུང་ཞིང་ཆེན་གྱི་ཡན་ཐེ་དང་ཆིན་ཏའོ་རུ་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབ་བྱས་ཤིང་། སྲིད་གཞུང་བྱ་བའི་སྙན་ཞུའི་རེ་བ་གཞིར་བཟུང་སྟེ། གཏན་འཇགས་དྲུག་དང་འགན་སྲུང་དྲུག་གནད་སར་བཟུང་ནས། ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས་ཞེས་གསུངས། 


        ལི་ཁེ་ཆང་གིས་ཁེ་ལས་ཆུང་བའི་ཚོང་གཉེར་ལ་ཐུགས་ཁུར་ཆེན་པོ་བྱེད་བཞིན་ཡོད། ཁོང་གིས་རྒྱལ་ཁབ་ཀྱིས་ཁེ་ལས་ཀྱི་དཀའ་སྡུག་སེལ་བར་རོགས་རམ་བྱེད་པའི་སྲིད་ཇུས་དག་ཁེ་ལས་ནས་དངོས་འབེབ་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཏུ་མཛད། དཔྱ་ཁྲལ་དང་སྤྱི་ཚོགས་འགན་སྲུང་གྲོན་དངུལ་ཇེ་ཉུང་དུ་བཏང་བར་མ་ཟད། ལས་གནས་ཀྱི་ཁ་གསབ་ལོངས་སུ་སྤྱོད་པ་དང་ཁང་གླ་ཇེ་ཉུང་དུ་བཏང་ཡོད་པར་གསན་རྗེས། ཁོང་གིས་ད་རུང་དཀའ་ཁག་གཞན་པ་ཅི་ཡོད་དྲིས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ཤེས་བྱའི་ཐོན་དབང་གི་གཏའ་མའི་དངུལ་བསྐྱི་གནད་དོན་ཐག་གཅོད་བཟང་བོ་བྱས་ཏེ། ཁེ་ལས་ཀྱི་ཕྱོགས་བསྡུས་དངུལ་གསོག་མ་རྩ་ཇེ་དམའ་རུ་གཏོང་དགོས་པའི་རེ་བ་བཏོན། 
        ལི་ཁེ་ཆང་གིས་གསུང་དོན། གསར་གཏོད་ཟུང་ལྡན་གྱི་ཁེ་ལས་དང་ཚན་རྩལ་རྣམ་པའི་ཁེ་ལས་ཆུང་བ་དག་ལ་གཏན་འཇགས་མ་དངུལ་ཉུང་བ་དང་མི་ཤུགས་མ་རྩ་བཟང་བའི་སྣང་ཚུལ་ཡོངས་ཁྱབ་ཏུ་གནས་པས། ཡིད་རྟོན་དངུལ་བུན་མང་དུ་སྟེར་བའི་བྱེད་ཐབས་ལ་ཞིབ་འཇུག་བྱས་ཏེ། རྒྱལ་ཡོངས་ཀྱི་ཁེ་ལས་ཆུང་བའི་དངུལ་གསོག་དཀའ་ཁག་ཐག་གཅོད་བྱེད་དགོས། ཁེ་ལས་ལ་དཀའ་ཁག་ཆེ་བའི་སྐབས་སུ་དངུལ་ཁང་གིས་ལུགས་མཐུན་གྱིས་ཁེ་ལས་དག་ལ་མ་འོངས་པའི་ཕན་འབྲས་ཐོབ་པར་བྱས་ན། དངུལ་ཁང་གི་འཕེལ་རྒྱས་ཀྱང་སྔར་ལས་ལེགས་པོ་འབྱུང་སྲིད། ཁེ་ལས་མང་བོས་མི་མང་དུ་བསྡུ་བ་དང་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་མང་དུ་བསྡུ་དགོས། རྒྱལ་ཁབ་ཀྱིས་དེར་རྒྱབ་སྐྱོར་དང་རོགས་འདེགས་བྱེད་ངེས་ཡིན་ཞེས་གསུངས།
        ལི་ཁེ་ཆང་གིས་ཡན་ཐེ་གྲོང་ཁྱེར་གྱི་སྡོད་ཁུལ་རྙིང་བོའི་བཅོས་བསྒྱུར་སྙན་ཞུར་གསན་པ་དང་། མང་ཚོགས་ལ་རེ་འདུན་ཅི་ཡོད་དྲིས་པ་དང་སྡོད་དམངས་ཀྱི་རེ་འདུན་ལ་བརྩི་འཇོག་བྱེད་དགོས་པའི་སྐུལ་མ་བཏང་། ལི་ཁེ་ཆང་གིས་སྡོད་ཁུལ་གྱི་མང་ཚོགས་བར་བརྗེ་རེས་བྱས་པ་དང་། ས་གནས་སྲིད་གཞུང་གིས་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་སོགས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་རོགས་སྐྱོར་བྱེད་དགོས་པ་ནན་གྱིས་བསྟན། 
        ལི་ཁེ་ཆང་གིས་ད་རུང་ཐང་བཤམས་ཚོང་བ་དང་གླེང་མོལ་མཛད། ལི་ཁེ་ཆང་གིས་གསུང་དོན། རྒྱལ་ཁབ་ནི་མི་དམངས་ཀྱིས་གྲུབ་པ་ཡིན་ཞིང་། ཚང་མས་འབད་འཐབ་བྱས་ན་ཁེ་ལས་དག་འཕེལ་རྒྱས་དང་དར་རྒྱས་འབྱུང་ཐུབ་ལ། རྒྱལ་ཚོགས་ཀྱིས་འཕེལ་རྒྱས་ཀྱི་བར་སྟོང་སྔར་ལས་རྒྱ་བསྐྱེད་སྲིད་ཅེས་གསུངས། 
        ཧེ་ཨར་སྡེ་ཚོགས་ནས་ཁེ་ལས་ཀྱི་འགན་ཁུར་བས་གསར་གཏོད་གཉིས་ཀྱི་བྱ་འགུལ་སྤེལ་བ་དང་བཟོ་ལས་ཀྱི་མཉམ་འབྲེལ་དྲ་བ་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་སྙན་ཞུ་བྱས། ལི་ཁེ་ཆང་གིས་ཁོ་ཚོས་མི་གཅིག་རྐྱང་གཅིག་སྦྲེལ་གྱི་བྱེད་ཐབས་ལག་བསྟར་བྱས་པ་དང་། ལས་བཟོ་བའི་འགྲུལ་བའི་སྣེ་ལེན་སྟེགས་བུ་འཛུགས་པ། རྒྱལ་ཁབ་ཕྱི་ནང་གི་ཕྱོགས་སོ་སོའི་བློ་གྲོས་གཅིག་ཏུ་བསྡུས་ནས་གསར་གཏོད་བྱ་བ་སྤེལ་བར་གཟེངས་བསྟོད་མཛད། ཁོང་གིས་འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་ཀྱི་བྱེད་ཐབས་བཟང་བོ་སྤྱི་བསྡོམས་བྱས་ཤིང་། ཁེ་ལས་ཆེ་བས་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་དང་ལས་རིགས་སོ་སོ་མཉམ་འབྲེལ་འཕེལ་རྒྱས་སུ་གཏོང་བའི་བཅོས་བསྒྱུར་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། ལས་རིགས་ཀྱི་རྣམ་པ་གསར་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྔར་ལས་མང་བའི་ལས་ཞུགས་ལ་སྐུལ་ཁྲིད་བྱེད་དགོས་པའི་ཐུགས་རེ་བཏོན། 
        ལི་ཁེ་ཆང་གིས་ཧྲན་ཏུང་ཞིང་ཆེན་གྱིས་རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམ་བྱེད་པའི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག དཀའ་སྤྱད་འབད་བརྩོན་གྱིས་དཔལ་འབྱོར་གྱི་རྨང་གཞི་གཏན་འཇགས་ཡོང་བར་བྱས་ནས་དམངས་འཚོའི་མ་མཐའི་ཚད་ཐིག་སྲུང་དགོས་པའི་རེ་བ་བཏོན། 
        ཞའོ་ཅེ་དང་ཧི་ལི་ཧྥུན་གྱིས་མཉམ་དུ་རྟོག་ཞིབ་བྱས།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1