༄༅།།ཆུ་ཤོག་མི་སྤྱོད་པའི་དུས་སྐབས་སླེབས་ལ་ཉེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། སྤེལ་དུས། 06-04


        2020ལོར། རང་རྒྱལ་གྱི་ས་ཁུལ་དང་ལས་རིགས་འགའ་ཞིག་ཏུ་ཆུ་ཤོག་རིགས་སྐོར་ཞིག་གི་བེད་སྤྱོད་མཚམས་འཇོག་པ་དང་ཐོན་སྐྱེད་ཉོ་འཚོང་ལ་ཚོད་འཛིན་བྱེད་འགོ་བརྩམས་ཡོད་ལ། 2022ལོར། ཐེངས་གཅིག་ཅན་གྱི་ཆུ་ཤོག་གི་བེད་སྤྱོད་བྱེད་ཚད་ཇེ་ཉུང་དུ་བཏང་ནས་ཚབ་བྱེད་དངོས་པོའི་སྤྱོད་ཚད་ཇེ་ཆེར་གཏོང་བ་དང་། 2025ལོར། ཆུ་ཤོག་རིགས་ཀྱི་ཐོན་སྐྱེད་དང་འཁོར་སྐྱོད། འཛད་སྤྱོད། ཕྱིར་བསྡུ་སོགས་ཀྱི་ལས་རིམ་དོ་དམ་ལམ་ལུགས་བཙུགས་ཏེ་ཕྱོགས་མང་མཉམ་སྐྱོང་གི་མ་ལག་ཆགས་པར་བྱས་ནས་ཆུ་ཤོག་འབག་བཙོག་ལ་ཚོད་འཛིན་མངོན་གསལ་ཡོད་པ་བྱེད་རྒྱུ་རེད།
        2020ལོའི་ལོ་མཇུག་ལ་སླེབས་དུས། རང་རྒྱལ་གྱིས་ཐེངས་གཅིག་ཅན་གྱི་ཆུ་ཤོག་གི་ཟས་སྣོད་དང་ཐེངས་གཅིག་ཅན་གྱི་ཆུ་ཤོག་གི་བལ་རྡོག་ཐོན་སྐྱེད་དང་ཉོ་འཚོང་མཚམས་བཞག་སྟེ་ཆུ་ཤོག་རྡུལ་རིལ་ལས་གྲུབ་པའི་རྒྱུན་སྤྱོད་ཐོན་རྫས་ཀྱི་ཐོད་སྐྱེད་བྱེད་མཚམས་འཇོག་རྒྱུ་རེད།
 ཆུ་ཤོག་རིགས་བེད་སྤྱོད་ཀྱི་གནས་བབ།
        མིག་སྔར། རང་རྒྱལ་ནི་འཛམ་གླིང་གི་ཆུ་ཤོག་ཐོན་སྐྱེད་དང་འཛད་སྤྱོད་ཆེས་མང་པོའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་ཅིང་། ཐོན་སྐྱེད་དང་འཚོ་བའི་རོལ་སྟངས་གློག་རྡུལ་ཚོང་གཉེར་དང་མྱུར་སྐྱེལ། མངགས་ཟས་སོགས་ཀྱི་རྣམ་པར་གྱུར་པ་དང་ལས་གཉེར་བྱེད་སྟངས་གསར་པའི་རིགས་ལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། ཆུ་ཤོག་རིགས་དང་ལྷག་པར་དུ་ཐེངས་གཅིག་ཅན་གྱི་ཆུ་ཤོག་རིགས་ཀྱི་འཛད་སྤྱོད་བྱེད་ཚད་བསྟུར་མར་འཕར་ཡོད།
        ཆུ་ཤོག་རིགས་མང་པོ་ཞིག་གི་ཕྱིར་བསྡུའི་ཁེ་སྤོགས་ཉུང་སྟབས། མྱུར་སྐྱེལ་གྱི་ཆུ་ཤོག99%འཚོ་བའི་གད་སྙིགས་སུ་གྱུར་ནས་མེར་བསྲེགས་པའམ་ཡང་ན་ས་འོག་ཏུ་སྦས་བཞིན་ཡོད། 2018ལོར། རང་རྒྱལ་གྱི་མྱུར་སྐྱེལ་ལས་རིགས་ཀྱིས་ཆུ་ཤོག་རིགས་ཏུན་ཁྲི85.18འཛད་སྤྱོད་བྱས་པ་དང་། དེ་ལས་ཏུན་ཁྲི1.77ཙམ་མ་གཏོགས་ཕྱིར་བསྡུ་བེད་སྤྱོད་ཐུབ་མེད།
        《སྲ་གཟུགས་བཙོག་དངོས་ཀྱི་ཁོར་ཡུག་འབག་བཙོག་བཅོས་སྐྱོང་གི་ཁྲིམས》ཀྱིས་མིག་སྔའི་རང་རྒྱལ་གྱི་སྲ་གཟུགས་བཙོག་དངོས་ཐག་གཅོད་ཀྱི་གནས་བབ་ལ་གཞིགས་ནས། དབྱེ་འབྱེད་དཀའ་བའི་ཐེངས་གཅིག་ཅན་གྱི་ཆུ་ཤོག་གི་བེད་སྤྱོད་བཀག་སྡོམ་བྱས་པ་དང་འགལ་ན། ཁྲིམས་ཀྱི་འགན་ཁུར་དང་ཆད་གཅོད་དངུལ་གྲངས་ཞིབ་གསལ་བཟོས།
 མགོ་ཁུངས་ནས་ཇེ་ཉུང་དུ་གཏོང་བ་དང་མཇུག་ཏུ་རིགས་དགར་བ། ཕྱིར་བསྡུ་བ་བཅས་མཉམ་དུ་སྤེལ་བ།
        ཆུ་ཤོག་འབག་བཙོག་གི་དཀའ་གནད་ཐག་གཅོད་བྱེད་དགོས་ན། རིགས་དགར་བ་དང་ཕྱིར་བསྡུ་བ་གཉིས་ཀྱིས་བསྒྲུབ་དཀའ་བས། ངེས་པར་དུ་མགོ་ཁུངས་ནས་ཐོན་སྐྱེད་བྱེད་པ་ཇེ་ཉུང་དུ་གཏོང་བའི་ཐབས་ལམ་སྤྱོད་དགོས། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྤེལ་བའི《ཆུ་ཤོག་འབག་བཙོག་གི་བཅོས་སྐྱོང་ལ་སྔར་ལས་ལྷག་པའི་ཤུགས་སྣོན་དགོས་པའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་འབོད)དུ། ཆུ་ཤོག་རིགས་སྐོར་ཞིག་ལ་ཚོད་འཛིན་དང་བཀག་སྡོམ་གསལ་པོ་བྱས་ཏེ་མགོ་ཁུངས་ནས་ཇེ་ཉུང་དུ་གཏོང་བར་འབད་ཡོད། འདི་ལས་རྗེས་ཕྱོགས་ཀྱི་ཆུ་ཤོག་གད་སྙིགས་ཀྱི་རིགས་དགར་བ་དང་ཕྱིར་བསྡུ་བ། ཐག་གཅོད་བྱེད་པའི་གནོན་ཤུགས་ཇེ་ཡང་དུ་གཏོང་བར་ཕན།
        ལྗང་མདོག་གི་ཐོན་སྐྱེད་དང་འཚོ་བའི་རོལ་སྟངས་ཤིག་ཆགས་པ་ནི་ལས་སླ་མོ་ཞིག་ག་ལ་ཡིན།《བསམ་འཆར》ལྟར་ན། རང་རྒྱལ་གྱིས"གཙོ་བོ་འབུར་དུ་ཐོན་པ་དང་སྐུལ་འདེད་ལ་གོ་རིམ་ཡོད་པ། གསར་གཏོད་ཀྱིས་སྣེ་ཁྲིད་པ་དང་ཚན་རྩལ་གྱིས་རྒྱབ་སྐྱོར་བྱེད་པ། ཕྱོགས་མང་པོ་ཞུགས་པ་དང་སྤྱི་ཚོགས་ཀྱིས་མཉམ་དུ་བཅོས་སྐྱོང"གི་རྩ་དོན་ལ་གཞིགས་པ་དང"བཀག་སྡོམ་སྐོར་ཞིག་དང་བརྗེ་ཚབ་སྐོར་ཞིག ཚད་ལྡན་སྐོར་ཞིག"བྱེད་པའི་ཐབས་ལམ་སྤྱད་ནས་ཆུ་ཤོག་གི་འབག་བཙོག་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་དགོས་ཚུལ་བསྟན་ཡོད།

 

    དབྱེ་འབྱེད་སླ་བའི་ཆུ་ཤོག་གི་ཐོན་ལས་ལ་ད་དུང་དཀའ་ཁག་མང་པོ་ཡོད་པ།

        《བསམ་འཆར》དུ། དབྱེ་འབྱེད་སླ་བའི་ཁུག་མ་དང་ཤོག་སྣོད་སོགས་སྤྱོད་པ་ཁྱབ་སྤེལ་བྱེད་པ་དང་བཟའ་བཅའ་མངགས་ཉོ་ལས་རིགས་སུ་དབྱེ་འབྱེད་སླ་བའི་ཆུ་ཤོག་གི་ཁུག་མས་ཚབ་བྱེད་པ། དབྱེ་འབྱེད་སླ་བའི་རྒྱུ་ཆ་དང་ཐོན་རྫས་གསར་སྤེལ་བྱེད་པ། རྒྱུ་ཆ་འཁོར་རྒྱུག་དང་དབྱེ་འབྱེད་སླ་བའི་འགག་རྩའི་ལག་རྩལ་སྒྲོལ་བ་དང་གྲུབ་འབྲས་བསྒྱུར་བ་ལ་ཤུགས་སྣོན་བྱས་ཏེ་དབྱེ་འབྱེད་སླ་བའི་ཤོག་སྐྱི་སོགས་ཀྱི་ལག་རྩལ་ར་སྤྲོད་དང་ཐོན་རྫས་གདམ་གསེས་སོགས་སྤེལ་དགོས་ཚུལ་གསལ་བར་བྱས་ཡོད།
        དབྱེ་འབྱེད་སླ་བའི་ཆུ་ཤོག་གི་བེད་སྤྱོད་ཁྱབ་ཁོངས་དང་སྤྱོད་རུང་རིམ་པ་གསལ་སྟོན་བྱེད་པ་སྟེ། དཔེར་ན། ཟས་རིགས་འཇོག་པའི་སྣོད་ཁུག་དང་ཟ་ཁང་གི་ཟས་ལྷག་འཇོག་པའི་ཆུ་ཤོག་གི་ཁུག་མ་ལ་དབྱེ་འབྱེད་སླ་བའི་ཆུ་ཤོག་སྤྱོད་དགོས། གློག་རྡུལ་ཚོང་གཉེར་དང་མྱུར་སྐྱེལ་ཟས་རིགས་ཕྱོགས་ལ། དབྱེ་འབྱེད་སླ་བའི་རྒྱུ་ཆ་རིགས་སྤྱོད་པར་དཀའ་ཁག་འདུག་སྟབས། བསྐྱར་མར་བེད་སྤྱོད་རུང་བའི་སྣོད་ཁུག་སྤྱད་དེ་ཐེངས་གཅིག་ཅན་གྱི་ཆུ་ཤོག་གི་སྤྱོད་ཚད་ཉུང་བར་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1