མགོ་ལོག་གི་ཡུལ་སྐོར་མཚམས་སྦྱོར་ཚོགས་འདུ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-05


     ཀྲུང་གོའི་གསར་འགྱུར་དྲ་བས་སྤེལ་བའི་གསར་འགྱུར་ལྟར་ན། ཚེས་2ཉིན། མཚོ་སྔོན་མགོ་ལོག་ནས་ཁྲེན་ཏུའུ་བར་གྱི་མཁའ་ལམ་ཤར་གཏོང་དང་རིག་གནས་ཡུལ་སྐོར་མཚམས་སྦྱོར་ཚོགས་འདུ་ཁྲེན་ཏུའུ་རུ་སྤེལ་བ་དང་། མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཞུང་གིས་སྒྲིག་འཛུགས་བྱས་པའི་ཁེ་ལས་དང་མཉམ་ལས་ཁང་སོགས་ཀྱིས་མཐོ་སྒང་བོད་ཁུལ་གྱི་“ནོར་བུ”སྟེ་ཐང་ག་དང་། རྫ་མ། བོད་སྤོས། ཤ་སྐམ། ཞོ་སོགས་འགྲེམས་སྟོན་བྱས་ནས། འགྲེམས་སྟོན་ལ་ཞུགས་པའི་ཚོང་པ་དག་ལ་མཐོ་སྒང་གི་ཡུལ་རྫས་བསྟན་པ་རེད།

    མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ལ་ཆགས་ཡོད་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་དུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྤྱི་ལེ་7.62ཡོད། “དྭངས་གཙང་གི་གངས་ལྗོངས་མགོ་ལོག་སྟེ་ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ཡུལ”ཞེས་སུ་གྲགས་ཅིང་། ཁྱད་པར་དུ་“འཛམ་གླིང་གི་ལོ་རྒྱུས་སྙན་ངག་རིང་ཤོས་དང་། ཀྲུང་གོའི་འཁྱག་རོམ་ཆེ་ཤོས། མཚོ་བོད་མཐོ་སྒང་གི་དག་ཞིང་མཐའ་མ། མཚོ་སྔོན་གྱི་འདམ་ར་མཛེས་ཤོས་”སོགས་ཡིན་པས་མཚན་སྙན་ཀུན་ཏུ་གྲགས་ཡོད། 


    མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་། རྒྱུན་ལས་ཁུལ་དཔོན་ཞའོ་ཧྥེ་ཧུའུ་ཡིས་ངོ་སྤྲོད་བྱས་དོན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་བོད་མཐོ་སྒང་གི་ལྟེ་བར་གནས་ཤིང་། གངས་ལྗོངས་མཐོ་སྒང་དང་གཙང་གསུམ་ཆུ་འགོའི་ངོ་མཚར་ཆེ་བའི་གནས་སུ་ཆགས་ཤིང་། མངའ་ཁོངས་སུ་རྨ་ཆུའི་འབབ་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་760ཡོད་པ་དང་། “ཀྲུང་ཧྭའི་ཆུ་མཛོད”ཀྱི་གྲུབ་ཆ་གལ་ཆེན་དང་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ཡོལ་སྲུང་གལ་ཆེན་ཞིག་རེད། ང་ཚོས་མུ་མཐུད་དུ་“ཆུ་འགོའི་འགན་འཁྲི”ཤུགས་ཇེ་ཆེར་གཏོང་བ་དང་ “གཞུང་རྒྱུན་གྱི་འགན་འཁྲི”མངོན་པར་བྱས་ནས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་ལས་གྲྭའི་ཐད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་སླེབས་ཡོད། 
    ཉིན་དེའི་མཚམས་སྦྱོར་བྱེད་ཡུལ་དངོས་སུ། མགོ་ལོག་ཁུལ་གཞུང་གིས་འཁྱེར་ཡོང་བའི་ཐང་ག་དང་། རྫ་མ། བོད་སྤོས། བོད་ཇ། གངས་ལྷ་མེ་ཏོག འོ་ཟས་སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་དག་ཁྲེན་ཏུའུ་རུ་འགྲེམས་སྟོན་བྱས་ནས། བོད་ཡུལ་གྱི་རིག་གནས་དང་ཐོན་ཁུངས་ཀྱི་ཁྱད་ཡོན་བསྟན་པ་རེད། 

    “ཐེངས་འདིར་ང་ཚོ་དགའ་བདེ་རྫོང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་འཁྱེར་ནས་འགྲེམས་སྟོན་ལ་ཞུགས་ཡོད། བོད་སྤོས་འདི་ནི་སྨན་རྫས་རིགས་40ལྷག་བེད་སྤྱད་ནས་བཟོས་པ་དང་། དུས་མཉམ་དུ་གློག་རྡུལ་ཚོང་ལས་སྟེགས་བུའི་ཁྱད་ཆོས་ལྡན་པའི་ཚོང་རྫས་ཡང་འགྲེམས་སྟོན་བྱས་ཡོད་པས། མཚམས་སྦྱོང་ཚོགས་འདུ་བརྒྱུད་ནས་བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་‘ནོར་བུ’མཚམས་སྦྱོར་བྱེད་པ་དང་། མི་མང་པོས་མགོ་ལོག་ལ་རྒྱུས་ལེན་བྱེད་ཐུབ་ཅིང་དགའ་བདེ་ལ་ཤེས་རྟོགས་བྱེད་ཐུབ་པའི་རེ་བ་ཡོད”ཅེས་མགོ་ལོག་ཁུལ་དགའ་བདེ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་རྡོ་རྗེ་བཀྲ་ཤིས་ཀྱིས་གསར་འགོད་པ་ལ་དེ་ལྟར་བཤད། 


    སི་ཁྲོན་ཞིང་ཆེན་ཡུལ་སྐོར་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ་ཁྲའེ་ཡན་ཀྲུའུ་ཡིས། ཉེ་བའི་ལོ་འགའི་རིང་། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་དང་འགྲིམ་འགྲུལ་ཆ་རྐྱེན་ཇེ་ལེགས་སུ་གྱུར་བ་དང་བསྟུན། སི་ཁྲོན་དང་མཚོ་སྔོན་མགོ་ལོག་སོགས་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་བགྲོ་གླེང་མང་པོ་སྤེལ་ཡོད། ས་ཁུལ་གཉིས་ཀའི་ཡུལ་སྐོར་ལས་རིགས་ཀྱིས་ཕན་ཚུན་གཉིས་ཕན་དང་མཉམ་དུ་གོང་སྤེལ་གྱི་རྩ་དོན་ལ་གཞིགས་ནས།  རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་རྒྱུན་མཐུད་དང་ནུས་ལྡན་ངང་དམ་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་སུ་གཉེར་ཚོང་དྲིལ་བསྒྲགས་དང་། ཤེས་ལྡན་མི་སྣ་གསོ་སྦྱོང་། བྱེད་སྒོ་གཉེར་བ་སོགས་ཐད་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་ཀའི་རིག་གནས་ཡུལ་སྐོར་ཐོན་ལས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ་བསྟན། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1