ཞི་ཅིན་ཕིང་དང་མོ་ཁེར་གྱིས་ཞལ་པར་ཐོག་ནས་བཀལ་མོལ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-05



         སྤྱི་ཟླ6ཚེས3ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད།
         ཞི་ཅིན་ཕིང་གིས། ད་ཐེངས་ནི་ང་ཚོས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན་ཁ་པར་ཐོག་ནས་བཀའ་མོལ་ཞུ་ཐེངས་གསུམ་པ་དེ་ཡིན། དེའི་ཐོག་ནས་ཕྱོགས་གཉིས་པོས་ཕན་ཚུན་བར་ཆབ་སྲིད་ཐད་ཡིད་ཆེས་ཆེན་པོ་བྱེད་པ་དང་། འཐབ་ཇུས་ཐད་འབྲེལ་གཏུག་དམ་ཟབ་བྱེད་པ་མཚོན་ཡོད། འཇར་མན་སྲིད་གཞུང་གིས་རིམས་ནད་ཀྱི་གནད་དོན་ཐད། དྲང་བཞག་སྟངས་འཛིན་གྱི་ལངས་ཕྱོགས་འཛིན་པ་དང་ཚན་རིག་ལ་བརྩི་འཇོག་བྱེད་པའི་རྣམ་འགྱུར་ལ་ཀྲུང་གོའི་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་ཡི་ཡོད། ཀྲུང་གོའི་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་སྒྲོམ་གཞིའི་ནང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱིས་རིམས་ནད་འགོག་བཅོས་བྱེད་པར་མཉམ་དུ་རྒྱབ་སྐྱོར་བཅས་བྱས་ཏེ། འཛམ་གླིང་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་ཡོད།
         ཞི་ཅིན་ཕིང་གིས། ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དགོས། ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་དང་། འཛམ་གླིང་དང་མཉམ་ལས་བྱེད་རྒྱུ་རྒྱ་ཆེར་བཏང་ནས། འཇར་མན་ཁེ་ལས་ནས་ཀྲུང་གོར་མ་འཇོག་རྒྱ་ཆེ་རུ་གཏོང་རྒྱུར་ཁོར་ཡུག་བཟང་པོ་མུ་མཐུད་བསྐྲུན་འདོད་ཡོད། ཉེ་ཆར་ཀྲུང་གོ་དང་འཇར་མན་བར་གྱི“མྱུར་ལམ” དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་ཤིང་། དེས་རྒྱལ་ཁབ་གཉིས་པོའི་དགོས་མཁོ་ཆེ་བའི་ཁེ་ལས་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གང་མགྱོགས་བྱ་རྒྱུར་ཕན་ཐོགས་རྒྱུ་དང་། རྒྱལ་སྤྱིའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བར་སྲུང་སྐྱོང་བྱ་རྒྱུར་ཕན་ཐོགས་རྒྱུ་རེད། ཀྲུང་གོ་དང་འཇར་མན་བར་གྱི་མཉམ་ལས་ཀྱིས་འཛམ་གླིང་འདི་ཉིད་སྔ་ཙམ་དཔལ་འབྱོར་ཉམས་རྒུད་ལས་གྲོལ་རྒྱུར་དགོས་ངེས་ཀྱི་ནུས་པ་འདོན་ཐུབ་པའི་ཡིད་ཆེས་ཡོད་ཅེས་ནན་སྟོན་གནང་ཡོད།
         ཞི་ཅིན་ཕིང་གིས། ཀྲུང་གོ་དང་འཇར་མན་གྱིས་བརྟན་ལེགས་ཀྱི་མཉམ་ལས་འབྲེལ་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མུ་མཐུད་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱེད་འདོད་ཡོད། ད་ལོའི་ལོ་སྨད་དུ་འཇར་མན་གྱིས་ཡོ་རོབ་མནའ་འབྲེལ་གྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་རེད། ཀྲུང་གོའི་ཕྱོགས་ཀྱིས་འཇར་མན་ཕྱོགས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་འདོད་བྱེད་པར་བསྔགས་བརྗོད་ཞུ་ཡི་ཡོད། འཇར་མན་ཕྱོགས་དང་དེ་བཞིན་ཡོ་རོབ་མནའ་འབྲེལ་ཕྱོགས་བར་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། གོ་ལ་ཧྲིལ་པོའི་འགྲན་རྩོད་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ་ཐུན་མོང་ཐོག་ངེས་གཏན་མེད་པའི་འཛམ་གླིང་གི་ངེས་གཏན་རང་བཞིན་ཆེ་རུ་འགྲོ་བ་བྱེད་འདོད་ཡོད། ཀྲུང་གོ་དང་འཇར་མན་དང་། ཀྲུང་གོ་དང་ཡོ་རོབ་བར་ཆབ་སྲིད་ཀྱི་སྤེལ་རེས་ཀྱི་གྲོས་རིམ་གལ་ཆེན་རབ་དང་རིམ་པར་གྲོས་མོལ་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་ཡོ་རོབ་ཕྱོགས་བར་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱས་ཏེ། བྱེད་སྒོ་དེ་དག་ལ་གྲུབ་འབྲས་ཐོབ་རྒྱུར་འགན་ལེན་དང་། ཀྲུང་གོ་དང་འཇར་མན་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད།
         མོ་ཁེར་གྱིས། འཇར་མན་ཕྱོགས་ནས་ཀྲུང་གོའི་ཚོགས་ཆེན་གཉིས་ཀྱི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བཏོན་པའི་འཆར་འགོད་ལ་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། འཇར་མན་དང་ཀྲུང་གོའི་བར་གྱི་དཔལ་འབྱོར་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་འདོད་ཡོད། འཇར་མན་ཕྱོགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་ཞིབ་བཟོ་བྱས་པའི་རིམས་འགོག་སྨན་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་ཐོན་རྫས་ལ་བརྩི་རྒྱུ་ཁྱབ་བསྒྲགས་གནང་བར་ཚད་མཐོའི་བསྔགས་བརྗོད་ཞུ་ཡི་ཡོད། མིག་སྔའི་དུས་བབ་འོག རྒྱལ་སྤྱིའི་མཐུན་སྒྲིལ་དང་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གོ་ལ་ཧྲིལ་པོའི་རིམས་ནད་འགོག་བཅོས་ཐད་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། འཇར་མན་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་སྤེལ་རེས་བྱ་ཤུགས་ཆེ་རུ་བཏང་ནས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གལ་ཆེའི་ནུས་པ་འདོན་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ཐོག རྒྱལ་སྤྱིའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། འཇར་མན་ཕྱོགས་ནས་ཀྲུང་གོའི་ཕྱོགས་བར་སྐད་ཆ་ཤོད་རེས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྒྱ་ཁྱབ་ཀྱི་ཁྱབ་ཁོངས་དང་གྲོས་གཞིའི་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། འཇར་མན་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་འབྲེལ་གཏུག་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཇར་མན་དང་ཀྲུང་གོ་དང་། ཡོ་རོབ་དང་ཀྲུང་གོའི་བར་གྱི་གྲོས་རིམ་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་། འཇར་མན་དང་ཀྲུང་གོ་དང་། ཡོ་རོབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1