གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

དོ་རྒྱ་བསོད་ནམས་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༠༥ཉིན།

༄༅།།བསླབ་གནས་མཐོ་ཤོས་ནི་མི་གཤིས་རེད།

        མི་ཞིག་ལ་མཚོན་ན་ཤིན་ཏུ་གལ་ཆེ་བ་ནི་ནུས་པ་རེད་ལ། དེ་ལས་ཀྱང་གལ་ཆེ་བ་ནི་མི་གཤིས་ཞེས་པ་འདིའོ། །
        མི་གཤིས་ནི་མི་ཞིག་གི་བསླབ་གནས་མཐོ་ཤོས་དང་། མི་ཞིག་གི་ནུས་པ་མངོན་བྱེད་ཀྱི་རྨང་གཞི་དང་།དེང་གི་སྤྱི་ཚོགས་ཁྲོད་ཤིན་ཏུ་དཀོན་ལ་རྩ་ཆེ་བའི་གཤིས་སྤྱོད་ཀྱི་མཚོན་རྟགས་རིགས་ཤིག་ཏུ་མཐོང་བས།མི་གཤིས་དང་ནུས་པ་གཉིས་ནི་ལག་པ་གཡས་གཡོན་གཉིས་དང་ཡོངས་སུ་མཚུངས་སོ། །
        ནུས་པ་ཁོ་ན་ཡོད་ལ་མི་གཤིས་གཏན་ནས་མེད་ཚེ་དེ་ནི་ལག་རྡུམ་འབའ་ཞིག་གོ། །མི་གཤིས་ཀྱིས་རྣམ་འགྱུར་ཐག་གིས་གཅོད་ཅིང་།རྣམ་འགྱུར་གྱིས་བྱ་སྤྱོད་ཐག་གིས་གཅོད་པར་མ་ཟད། བྱ་སྤྱོད་ཀྱིས་མཇུག་མཐའི་འབྲས་བུ་ཐག་གིས་གཅོད་དོ། ། མི་གཤིས་ལ་དོན་སྙིང་ཤིན་ཏུ་ཟབ་སྟེ།མི་སུ་ཞིག་ཡིན་རུང་མི་གཤིས་མི་ལེགས་པ་ཞིག་ལ་ཡིད་ཆེས་ཡེ་ནས་བྱེད་མི་དཔེ་ལ་གཙིགས་ཆེན་ཡང་བྱེད་མི་སྲིད་དོ། །
        མི་གཤིས་ལེགས་ཤོས་ནི་དེང་རབས་པའི་ལས་རིགས་ཡར་རྒྱས་ཀྱི་བསྟི་སྟང་མཚོན་བྱེད་དང་ལེགས་འགྲུབ་འབྱུང་བའི་མི་ཚེའི་རྨང་གཞི་བརྟན་པོ་དེའོ། །
        ནུས་པ་ལས་ལྷག་པའི་གཤིས་སྤྱོད་ལ་རིགས་བཅུ་གཉིས་འདུ་བར་འདོད་དེ།
        བློ་དཀར། ཀུང་སིའི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིག་གཏོང་བ་དང་། བློ་སེམས་རྩེ་གཅིག་གིས་ཀུང་སིའི་ཁེ་ཕན་ལ་བརྩོན་པ་དང་བསླུ་བྲིད་གང་རུང་གི་མདུན་དུ་ཚོད་བགམ་ཐུབ་པ་ཞིག་ལ་གོ། །
        ལས་བཀུར། ལས་ཀའི་དམིགས་ཡུལ་ནི་གླ་ཕོགས་ཁོ་ནའི་ཆེད་མིན་པར་གླ་ཕོགས་ལས་བརྒལ་བའི་ཞབས་ཞུ་འདོན་སྤྲོད་ཐུབ་པ་དང་བྱ་བའི་ཆེད་དུ་རང་ཉིད་བློས་ཀྱང་གཏོང་ཐུབ་པ་ཞིག་གོ། །
        རང་བསམ། ལས་ཀ་ཡོད་ཚད་གཞན་གྱི་བཀོད་འདོམས་ལ་མི་སྒུག་པར“ང་ལ་ལས་སུ་བཅུག་པ”ནས“ངས་ལས་རྒྱུ་ཡིན”ཞེས་པར་འགྱུར་དགོས་ཤིང་། རང་འགུལ་གྱིས“ལས་ཀ་ལྷག་མ”ལས་ཤིང་། སྔོན་ལ་ལག་གིས་ལས་པ་དང་རྗེས་ནས་ཁ་ཡིས་བཤད་དགོས་ལ།རེ་བ་མཐོན་པོ་སྟེ་གོམ་པ་གང་གི་ཚད་ལ་གོམ་པ་གསུམ་གྱི་ལས་ཀ་ལས་ནུས་པ་ཞིག་ལ་གོ། །
        འགན་འཁྲི། འགན་འཁྲིའི་སྙིང་པོ་ནི་འགན་ཁུར་གྱི་བློ་སྟེ། དོན་ཕྲན་ཚེགས་ཤིག་ཡིན་ཀྱང་ལེགས་པར་བསྒྲུབ་པའོ། །དམ་བཅའ་རེ་ནི་གསེར་སྲང་སྟོང་གིས་གཞལ་མི་ནུས་ཤིང་། ཁག་དཀྲི་ཅི་ཡང་མེད་པར་བསྒྲུབ་པ་དང་གནད་དོན་གང་ཡིན་ཀྱང་རང་དགར་མཚམས་མི་འཇོག་པ་ཞིག་ཡིན་དགོས་ལ།སྣང་མེད་དུ་བཏང་ནས་ནོར་འཁྲུལ་ཆེན་པོ་འབྱུང་བར་མི་བྱ་བའོ། །
        ལས་ཕྱོད་ལ་གཙིགས་ཆེན། ནོངས་འགྱོད་ཅི་ཡང་མེད་པར་བློ་གཅིག་སེམས་གཅིག་གིས་ཉིན་རེའི་བྱ་བ་ཞིབ་ཚགས་ཀྱིས་ལས་པ་ལས། ནར་འགྱངས་སུ་གཏོང་བ་ནི་ལས་རིགས་ཀུན་གྱི་གཤེད་མ་རུ་བལྟ་དགོས་པར་མ་ཟད། ལས་ཀར་གཙོ་ཕལ་དབྱེ་དགོས་ལ་སྐྱོན་ཟད་རིང་ལུགས་ནི་ལས་ཕྱོད་ཀྱི་དགྲ་རུ་བརྩི་བར་བྱའོ། །
        མཇུག་འབྲས་ལ་གཙིགས་འཛིན།ཐོག་མ་ནས་ཇི་ལྟར་བྱས་ན་ལས་ཀ་འགྲུབ་ངེས་པར་བསམ་བློ་གཏང་དགོས་ཏེ། ནམ་ཡང་བྱེད་ཐབས་ནི་གནད་དོན་ལས་མང་ངེས་ཤིང་། ཆ་རྐྱེན་བསྐྲུན་ཏེ་འགན་ཁུར་འགྲུབ་པར་བརྩོན་དགོས་ལ། ཐོག་མ་ཉིད་ནས་ལས་ཀ་གང་ཡང་ནོར་འཁྲུལ་མེད་པར་བྱེད་དགོས་པར་མ་ཟད། འགན་འཁྲི་ཡོངས་འགྲུབ་ཀྱི་ཚད་སྔོན་དཔག་ལས་བརྒལ་བར་བྱེད་པ་ཞིག་གོ། །
        འབྲེལ་འདྲིས་ལ་བྱང་བ།མངོན་ལྐོག་མེད་པར་བསམ་འཆར་འདོན་པ་དང་ཡུལ་དུས་དེར་གནད་དོན་ཐག་གིས་གཅད་དགོས་སོ། ། འབྲེལ་འདྲིས་བྱེད་པ་དང་ཉོག་གཏམ་གླེང་བ་ནི་ཁ་ཁ་སོ་སོ་སྟེ། སྐད་ཆ་གཏན་ནས་མི་བཤད་པ་དང་སྐད་ཆ་མང་དྲགས་པ་གཉིས་ཀའང་ནད་ཅིག་རེད། ནམ་ཡང་བྱ་བའི་ཇུས་གཞིར་འབྲེལ་ནས་དྲི་བ་འདོན་དགོས་པ་དང་། སྐྱོན་བརྗོད་དང་ལེན་གནང་ཐུབ་པའི་གུ་ཡངས་བསྐྱེད་བསྲིང་བྱེད་དགོས་པ་ཞིག་ལ་གོ། །
        མཉམ་འབྲེལ། སྔོན་ལ་སྤྱི་དང་རྗེས་མ་རང་ཉིད་བྱ་ཞིང་། ཆུ་ཐིགས་རྒྱ་མཚོར་འབབ་དགོས་ལ་མི་སྒེར་ནི་སྤྱི་ལ་བསྟུན་དགོས་ཤིང་སྤྱི་པའི་བཀོད་སྒྲིག་དང་ལེན་བྱེད་དགོས་པར་མ་ཟད། སྒྲིག་ལམ་བརྩིས་ཏེ་ངར་ཤུགས་ཀྱི་རྒྱུན་བསྐྱངས་ཐུབ་དགོས་ལ། སྤྱི་བའི“མྱི་ལྷག”མི་བྱ་བར་གཞན་ལ་བསམ་བློ་གཏོང་དགོས་པ་དང་རང་གི་ནུས་པ་ཐུན་མོང་སྤྱི་པ་བརྒྱུད་ནས་ཇེ་ཆེར་གཏོང་དགོས་པ་ཞིག་གོ། །
        ཧུར་བརྩོན་མདུན་སྐྱོད། དུས་ནམ་ཡང་ཁེ་ལས་ཀྱི་གོམ་འགྲོས་ལྟར་མདུན་སྐྱོད་བྱེད་དགོས་ལ་ནམ་ཡང་རང་ཉིད་ནི་སྣོད་སྟོང་ཞིག་ཡིན་པའི་ཚུལ་གྱིས་སློབ་སྦྱོང་བྱེད་ཅིང་ཤེས་བྱ་བསྡུ་དགོས་ཏེ། དུས་ཚོད་བསགས་ཏེ་སློབ་སྦྱོང་བྱེད་དགོས་ཤིང་། རང་གི“ལྟོས་བཅོས་ཀྱི་ལེགས་ཆ”ཕུན་ཚོགས་སུ་བཏང་སྟེ་རང་ཉིད་ལ་འགྲན་འཛུགས་ནུས་པ་ཞིག་ལ་བྱའོ། །
        ཁེངས་སྐྱུང་། འཇོན་ནུས་ཆེ་ཡང་ཁེངས་པ་བསྐྱུང་བ་དང“གོས་ཆེན་ཚྭ་ལྕིབས”བྱས་སོང་སྙམ་པའི་བསམ་བློ་འདོར་དགོས་པ་དང་། རང་ཆེ་རང་མཐོས་ཐོབ་ཐང་མི་རྩོད་པར་མི་གཞན་ལ་བརྩི་བཀུར་གང་འཚམ་བྱེད་དགོས་པ་དང་། མིང་དོན་མཚུངས་པར་འབད་པ་བྱེད་དགོས་པར་མ་ཟད། དུས་ནམ་ཡང་གྲུབ་འབྲས་ནི་མགོ་ཚུགས་ས་དང་གཟི་བརྗིད་ནི་སྒུལ་ཤུགས་ལ་བལྟ་དགོས་སོ། །
        གྲོན་ཆུང་།སྦྱིན་བདག་གི་སྒོར་མོ་ཡང་སྒོར་མོ་ལ་བལྟ་དགོས་ཤིང་། གཞུང་དྲང་ངང་རྒྱུད་རིང་བ་ལས“གྲིམ་པོ”མི་བཅའ་བར་ཤོག་བུ་གཅིག་ཡིན་རུང་ཆུད་ཟོས་སུ་མི་གཏོང་བ་དང་། བྱ་བའི་སྐར་ཆ་གཅིག་ཀྱང་ཆུད་ཟོས་སུ་མི་གཏོང་བ་བྱེད་དགོས་པར་མ་ཟད། ཀུང་སིའི་སྐར་གང་བཀོལ་ཡང་ཕན་འབྲས་ཆེས་ཆེ་བ་དེ་ལོན་ཐབས་བྱེད་དགོས་ལ། དེ་ལྟར་བྱེད་ནུས་ན་ཁེ་སྤོགས་ཞར་ལ་ཡོང་བ་ཡིན་ནོ། །
        དྲིན་གཟོ། སུ་ཞིག་གིས་རང་ཉིད་ལ་ད་ལྟའི་འདི་གནང་བ་རྟག་ཏུ་དྲན་དགོས་ལ། ཀུང་སིས་ཁྱེད་ལ་བྱ་བ་སྤྲད་པ་དང་། བྱ་བས་ཁྱེད་ལ་སློབ་སྦྱོང་དང་ནར་སོན་གྱི་གོ་སྐབས་གནང་། ལས་གྲོགས་ཀྱིས་ཁྱེད་ལ་རོགས་རེས་གནང་བ་དང་། སྐུ་མགྲོན་གྱིས་ཁྱེད་ལ་བྱས་འབྲས་བསྐྲུན་པར་རོགས་རམ་གནང་། འགྲན་ཡས་ཁྱེད་ལ་བར་ཐག་མཐོང་དུ་བཅུག་ཅིང་། སྐྱོན་བརྗོད་མཁན་གྱིས་ཁྱེད་རང་སྐྱོན་བྲལ་ཞིག་ཡོང་བར་ཁ་ཕྱོགས་སུ་བཅུག་དང་འཇུག་བཞིན་པ་ཤེས་པ་ཞིག་ལ་གོ། །

                                          《ཞིན་ལིའང་པོད་ཁུག》ལྟར་དོ་རྒྱ་བསོད་ནམས་རྡོ་རྗེས་བསྒྱུར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1