སྤྱོད་ལམ་དང་ཁྲིམས་ལུགས་།

ཁང་གསར་ཚེ་དབང་རིག་འཛིན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-05


སྤྱོད་ལམ་དང་ཁྲིམས་ལུགས་གླེང་བར་དགོས་པ་ཧ་ཅང་ཆེ་སྟེ། འཇིག་རྟེན་གཏམ་དཔེར། “མི་སྒྲིག་འོག་ནས་སྐྱིད”དང“རྟ་སྒྲོག་འོག་ནས་བརྩན”ཞེས་པའི་ཟེར་སྲོལ་ལྟར། མཐོ་རིམ་སྲོག་ཆགས་འགྲོ་བ་མིའི་རིགས་འདིར་སྲོག་ལྡན་གཞན་ལས་དཔལ་ཡོན་ལྡན་པར་གླེང་བ་ནི་ནང་བསམ་བློའི་འཁྱེར་སོ་དང་། ཕྱི་ལུས་པོའི་ཀུན་སྤྱོད་གཉིས་ཆ་ནས་རིམ་པ་བཞིན་རང་གཅུན་རང་བདག་གི་བསམ་བློ་ཞིག་དང་། ཐུན་མོང་གི་སྒྲིག་ལམ་མམ་ཁྲིམས་ལུགས་ཚད་ལྡན་ཞིག་ལ་བརྟེན་ནས་འཆམ་མཐུན་དང་བདེ་འཇགས་སྙེག་ནས་འོང་བའི་ལོ་རྒྱུས་ཀྱི་བྱེད་པོ་ཞིག་ཡིན་འོས་ལ་ཡིན་ཡང་དགོས།

འོན་ཀྱང་དུས་རབས་ཉེར་གཅིག་པའི་དཔལ་འབྱོར་འགྲན་རྩོད་ཀྱི་རྦ་རླབས་ཀྱི་ཁུགས་སོ་རེ་རེར། དབུལ་ཕྱུག་གཉིས་ཀ་དང་མཐོ་དམན་གཉིས་ཀ་བསམ་དབང་དྲན་དབང་མེད་པར་གྲིལ་འགྲོ་བ་ལྟ་བུའི་ཆགས་འོང་བཞིན་པ་འདི་ནི། ང་ཚོས་ཅིས་ཀྱང་ཕྱིར་རྟོག་དང་བསམ་གཞིག་ཚ་ནན་གཏོང་དགོས་པའི་དོན་དག་ཅིག་ག་ལ་མིན། སྤྱིར་འཇིག་རྟེན་གྱི་ཁམས་འདིའི་སྐྱེ་དངོས་སྲོག་ཆགས་གང་ལའང་ཆེ་ཆུང་དང་། མཐོ་དམའ། རིང་ཐུང་། དྲག་ཞན། བཟང་ངན་སོགས་བར་ཁྱད་སྣ་ཚོགས་རེ་བདོག་པ་ནི་དངོས་པོའི་གནས་ལུགས་ཤིག་ཡིན་པ་དང་། བར་ཁྱད་སྣ་ཚོགས་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སམ་དགེ་མཚན་ཡང་ཅི་རིགས་ཤིག་ཡོད་མོད། དེང་གི་མི་ཚོས་བར་ཁྱད་འདི་བར་ཁྱད་ཅིག་ལ་བརྩི་ཐུབ་ཅིང་མི་འདུག་སྟེ། ང་ཚོའི་ཕ་ཡུལ་གྱི་འབྲོག་སྡེ་ཆུང་ཆུང་ཞིག་གི་དངོས་བྱུང་གནས་ཚུལ་རེ་ཟུང་གི་སྟེང་ནས་བལྟས་ནའང་ཧ་ཅང་གསལ་པོ་རེད།

དཔེར་ན། ཕྱུག་པོ་ཚང་གིས་རླངས་འཁོར་ཡག་པོ་ཞིག་བསྐོར་ན་དབུལ་པོ་ཚང་གིས་ཀྱང་བསྐོར་རྒྱུ་དང་། ཕྱུག་པོ་ཚང་གིས་ཁང་བ་གོང་ཆེན་ཞིག་ཉོས་ན་དབུལ་པོ་ཚང་གིས་ཀྱང་ཉོ་དགོས་པ་ལྟ་བུའི་འགྲན་སེམས་དང་ཧོལ་རྒྱུག་གི་སེམས་བྱུང་ཞིག་གིས་རབ་ཏུ་སྒུལ་ཏེ་ལས་དེར་འབད་འབད་འབུངས་འབུངས་ཀྱིས་འཇུག སྤྱིར་དབུལ་བོས་ཕྱུག་ལམ་སྙེག་རྒྱུ་ནི་འཚོ་གནས་ཀྱི་དགོས་གལ་རང་བཞིན་ལོས་ཡིན་མོད། འོན་ཏེ། ལས་དེར་འཇུག་པར་གོ་རིམ་གང་འཚམ་ཞིག་དང་། དུས་ཚོད་ངེས་ཅན་ཞིག འབད་བརྩོན་རྒྱུན་འཁྱོངས་ཤིག་སོགས་རྩ་བའི་ཆ་རྐྱེན་འགའ་རེ་ཚང་དགོས་པ་སྨོས་མེད་རེད། དེ་དག་གང་ཡང་མེད་པར་“བཙན་ཐབས་འཚང་རྒྱ་བླ་མའི་འཕོ་བ་”ཞེས་པའི་དཔེ་ལྟར་བྱེད་འདོད་མཁན་མང་པོ་བདོག དེ་ལྟར་འདོད་པས་ཐབས་གཞན་མེད་པར་ནག་ཚོང་ནག་ལས་ལ་འཇུག་པ་དང་། དེ་བཞིན་དུ་བོད་པའི་ཐུན་མིན་གྱི་ཀུན་སྤྱོད་ཡག་པོ་དང་འགལ་བའི་སྡིག་པའི་ལས་སྣ་ཚོགས་ལ་ཞུགས་ཏེ། གཡོ་སྒྱུའི་འཁོར་ལོ་བསྐོར། ཁྲེལ་དང་ངོ་ཚ་ཡལ་བར་དོར་བ་སོགས་བྱས་ཏེ་མཐར་མི་ཆོས་ལྷ་ཆོས་ཟུང་གི་ཁྲིམས་དང་འགལ་ནས་བདེ་སྐྱིད་བཙལ་བའི་མཇུག་འབྲས་ལ་སྡུག་བསྔལ་དང་ངོ་ཚ་ཞིག་ལས་ཐོབ་འབྲས་གང་ཡང་མེད་པ་མིག་མཐོང་ལག་ཟིན་དུ་གྲུབ་ཡོད་པ་འདི་རེད། ལས་འདི་ནི་སྐད་ཆ་ཆེས་ཉུང་ངུར་བསྡུས་ནས་བཤད་ན། “བརྐོ་མི་དགོས་པར་གྲོ་མ་རྟ་མགོ་འདྲ་བ་ཞིག་འཐོབ་པར་རེ་བ་”ཞེས་པའི་གནས་ལུགས་འདིར་རག་ལས་ཡོད། ཡང་གཅིག་བཤད་ན་འཇིག་རྟེན་གྱི་གནས་ལུགས་རྟོགས་པའི་རིག་པའི་བློ་སྦྱོང་ལ་སློབ་གཉེར་གང་ཡང་མེད་པས་ན“སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། ། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མིག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །”ཞེས་རྒྱལ་སྲས་ཆེན་མོ་ཞི་བ་ལྷས་ལོ་ངོ་བརྒྱ་ཕྲག་མང་པོའི་སྔ་རོལ་ནས་གནས་ལུགས་ཀྱི་སྲ་ཚུགས་པའི་ལེགས་བཤད་རྨ་མེད་པ་གསུངས་ཟིན་པ་དེ་ག་ཁོ་ན་ལས་མ་འདས།

འདི་ལས་ད་ལྟ་ང་ཚོ་ལངས་ན་སེམས་མི་བདེ་ཞིང་། ཉལ་ན་རྨི་ལམ་འཁྲུག་པའི་དོན་དག་ཅིག་ཡོད་པ་ནི། བོད་པའི་ཁོར་ཡུག་སྤྱི་དང་ལྷག་པར་དུ་གྲོང་དང་གྲོང་རྡལ་དུ་སྡོད་གནས་འཆའ་བའམ་འབྲེལ་འདྲིས་ཆེ་བའི་བོད་པ་མང་ཤོས་ཀྱི་སྤྱོད་ལམ་སྐྱུག་བྲོ་བ་དེ་རིགས་ཀྱིས་ནི་སྣུམ་གྱིས་གོས་ཟིན་པ་ལྟར་འཇབ་རྒོལ་གྱིས་འོང་བཞིན་འདུག །མི་དེའི་རིགས་ནི་མཐོ་ས་དཔོན་པོའི་རིགས་ནས་དམའ་ས་ལྡོམ་པོའི་བར་གྱི་ལས་རིགས་སྣ་ཚོགས་སུ་མཆིས། གང་ལྟར་ཁོ་ཚོ་གཞན་གྱི་ཕུན་ཚོགས་ལ་འགྲམ་ཆུ་ལྡང་སྟེ། རང་ཉིད་ལ་དེ་འདྲའི་ཆ་རྐྱེན་ལྡན་མིན་ལ་སྣང་འཇོག་གཏན་ནས་མེད་པར། ཆོས་ཁྲིམས་སྲིད་ཁྲིམས་གང་ལའང་མི་སེམས་པར་གང་བྱུང་འདི་རྡུང་བྱེད། དེའི་མཇུག་འབྲས་ནི་ང་ཚོ་འགྲོ་བ་མིའི་རིགས་དང་ལྷག་པར་དུ་བྱམས་སྙིང་རྗེ་སོགས་ནང་སེམས་ཀྱི་འཇིག་རྟེན་ན་གཞན་ཕན་ཞེས་པའི་རླབས་པོ་ཆེ་ཞིག་ཡོད་མདོག་སྟོན་པའི་ང་ཚོ་བོད་པའི་རིགས་ལ་ནི་དེ་ལས་ལྷག་པའི་ངོ་ཚ་དང་མིག་བརྫད་ཅིག་མཐོང་དུ་མེད། དཔེར་ན་རྒྱུ་ནོར་རྩོལ་སྒྲུབ་ཆུང་ཆུང་ཞིག་གི་ཆེད་དུ་ནང་མི་སྤུན་ཟླ་ཡལ་བར་དོར། གཉེན་ཉེ་ས་རྒྱང་དུ་སྤངས། ཐ་ན་ཤ་ཉེ་བུ་སྤུན་གྱི་ནང་དུའང་སྲོག་ལ་རྒོལ་བའི་ལས་ཀར་འཇུག་འགྲོ་བ་འདི་ནི་དངོས་གནས་དུད་འགྲོ་ལས་ཀྱང་ཕལ་བར་ཆགས་སོང་བ་རེད། དེ་ནི་དུས་རབས་གསར་བའི་དཔལ་ཡོན་ཞེས་པར་བློ་མིག་ལྡོང་བ་རྐྱང་རྐྱང་དུ་གྲུབ་པ་སྟེ། དུད་འགྲོ་དང་གཅན་གཟན་གདུག་པ་ཅན་ཚོས་ཀྱང་རང་གི་རིགས་ལ་དེ་འདྲ་བྱ་སྲིད་དམ།

དེ་བས། ད་ལྟའི་སྤྱི་ཚོགས་སུ་གཅིག་གིས་གཅིག་ལ་བལྟས་ཚོད་ཀྱིས་རོགས་བྱེད་པའམ་གཞན་ཕན་གྱི་ལས་དོན་སྒྲུབ་བཞིན་པ་ལྟར་སྣང་བ་དག་ཀྱང་དོན་དངོས་སུ་རང་འདོད་ཕུགས་བཅུག་གི་བསམ་བློ་ངན་པས་ཟིན་ཡོད་པ་ཤིན་ཏུ་མང་བས། མི་དང་མིའི་བར་ལ་ཡིད་རྟོན་མེད་པའི་སྤྱི་ཚོགས་འཇིགས་སུ་རུང་བ་ཞིག་ཏུ་འགྱུར་བཞིན་ཡོད་པ་འདི་ནི་ཇི་འདྲའི་ཡ་ང་ཞིང་ཡི་མུག་པ་ཞིག་རེད་ཨང་།

འདི་ལྟ་བུའི་སེམས་བྱུང་ནད་པར་ཆེད་ཕན་གྱི་སྨན་ཞིག་ནི་སྤྱི་ཚོགས་འདིའི་བསམ་བློའི་བྱང་ཚད་དང་རིག་གནས་ཀྱི་བྱང་ཚད(ཁྲིམས་ལུགས་ཤེས་བྱ་གཙོར་འདུས་ཀྱི)གོང་མཐོར་གཏོང་རྒྱུ་དེ་ལས་མ་འདས་པས་ན་ཤེས་ཡོན་པའི་སྡེས་སྣེ་ཁྲིད་དེ། ནར་མ་སོན་པའི་སྤྱི་ཚོགས་ནག་པོ་འདིའི་ཁ་ཕྱོགས་ཉིད་ཚད་ལྡན་གྱི་སློབ་གསོས་བསྒྱུར་བར་འབད་པ་བརྒྱ་འགྱུར་བྱེད་རྒྱུ་ལས་འོས་མེད་པར་སྙམ་མོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1