༄༅།།ལོ་རྒྱུས་དང་རྩོམ་རིག་གི་སློབ་གསོའི་རིན་ཐང་།

དཔའ་རྩེས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-08


        སློབ་གསོ་ནི་ཤེས་རིག་འཛིན་སྤེལ་དང་ལོ་རྒྱུས་རྒྱུན་སྐྱོང་གི་ཐབས་ལམ་ཞིག་ཡིན་ལ། སློབ་གསོའི་དམིགས་འབེན་ཡང་སློབ་མའི་བསམ་བློ་དང་འདུ་ཤེས་རྒྱ་བསྐྱེད་པའི་ཆེད་ཡིན་པ་ལས་ཚོད་འཛིན་བྱེད་པའི་ཆེད་དུ་མ་ཡིན། སློབ་གསོ་ནི་མི་གཤིས་བཙོ་སྦྱང་གི་འདེགས་ཤིང་ཡིན་པའི་ཆ་ནས་བཤད་ན། ལོ་རྒྱུས་དང་རྩོམ་རིག་ལ་དགེ་མཚན་མི་དམན་པ་ཡོད་དེ། ང་ཚོའི་སྙིང་སྟོབས་ཀྱི་ཤུགས་བསྐྱེད་པ་དང་ནང་སེམས་ཀྱི་མྱོང་ཚོར་ཕུན་ཚོགས་སུ་གཏོང་བ། འདུ་ཤེས་ངན་རུལ་ལེགས་བཅོས་ཡོང་བའི་ཐད་དུ་གཞན་དང་མི་འདྲ་བའི་ནུས་པ་དང་རིན་ཐང་ཡོད།
        ལོ་རྒྱུས་དང་རྩོམ་རིག་ནི་མི་སྒེར་དང་མིའི་རིགས་བར་གྱི་བརྩེ་བ་སྦྲེལ་བྱེད་དང་མིའི་རིགས་ཀྱི་སེམས་ཁམས་ཀྱི་བརྒྱུད་རིམ་གསལ་པོར་རྟོགས་བྱེད་ཀྱི་མེ་ལོང་ཡིན་ཏེ། “མི་ནི་ཅི་ཞིག་ཡིན་པ་དེ་ལོ་རྒྱུས་ཁོ་ནས་ད་གཟོད་ཁྱོད་ལ་གོ་བ་སྤྲོད་ངེས”པའི་རྒྱུ་མཚན་གྱིས་སོ། ། ལོ་ངོ་སྟོང་ཕྲག་མང་པོའི་མིའི་རིགས་ཀྱི་ལོ་རྒྱུས་ནི། ཡ་ང་བའི་དམག་འཁྲུག་དང་འཆི་གསོན་འདུ་འབྲལ། དམར་གསོད་དང་དྲག་སྤྱོད། དགའ་སྤྲོ་དང་སྡུག་བསྔལ་གྱིས་གྲུབ་པ་ཡིན་ལ། དྲང་བདེན་ནི་ལོག་སྤྱོད་ལས་རྒྱལ་བ་དང་ཤེས་རིག་ནི་དམུ་རྒོད་ལས་རྒྱལ་བར་གྱུར་པའི་དཀའ་སྡུག་ཀྱག་ཀྱོག་གི་ལམ་བུ་ཡིན་ཞིང་དགའ་སྐྱོ་མཉམ་འདྲེས་ཀྱི་ཟློས་གར་འཁྲབ་པ་ལྟ་བུའི་བརྒྱུད་རིམ་ཞིག་ཡིན་པ་ནི་ང་ཚོས་རྟོགས་ཤིང་གསལ། སྣང་ཚུལ་དེ་དང་དེ་ལྟ་བུར་མ་གཞི་ནས་གལ་ཆེ་བའི་སློབ་གསོའི་རིན་ཐང་ཡོད་དེ། འཇིག་རྟེན་འདི་སྔར་ནས་བཟུང་སྣ་མང་ཀུན་འཛོམས་ཤིག་ཡིན་ལ་ཡིན་ཡང་འོས་པས་ན། མི་སུ་དང་སུ་ལའང་སྒེར་གཅོད་དང་བཙན་དབང་སྤེལ་བའི་གནས་ལུགས་དང་དབང་ཆ་མེད།
        ལོ་རྒྱུས་ཀྱིས་ང་ཚོར་ཤེས་རྟོགས་མང་དུ་བསྐྱེད་ངེས་ཏེ། ང་ཚོས་རང་དང་ཐ་དད་དུ་འདོད་པའི་རིག་གནས་ལ་བཟུང་བའི་ལྟ་སྟངས་འགྱུར་བར་བྱེད་ཅིང་རང་གི་གནས་བབ་གསལ་རྟོགས་ཡོང་བའི་མིག་ཤེས་རྙེད་ཐུབ། བྱུང་ཟིན་པ་དང་འབྱུང་འགྱུར་གྱི་སྣང་ཚུལ་ངན་པར་ཁ་གཏད་གཅོག་ཐུབ་པའི་ཡིད་ཆེས་རྙེད་ཐུབ། དེ་ལྟར་ན། ང་ཚོའི་གུ་དོག་པའི་བསམ་བློ་ཡངས་པོར་བསྐྱེད་ཐུབ།
        རྩོམ་རིག་ནི་རྟོག་བཟོའི་སྒྱུ་རྩལ་ཞིག་དང་འཆར་ཡན་གྱི་ཕོ་བྲང་ཞིག་ཡིན། དུས་དང་གནས་སྐབས་གང་ཞིག་ཡིན་ཡང་རྩོམ་རིག་གིས་མིའི་རིགས་ཀྱི་སྤྱི་ཚོགས་སུ་བྱུང་བའི་དོན་གནད་ལ་སྣང་བརྙན་གྱི་ལམ་ནས་གསེད་འགྲེལ་བྱས་ཡོད། དེ་བས་རྩོམ་རིག་བརྩམས་ཆོས་ནི་འཚོ་བའི་བསླབ་དེབ་ཏུ་གྱུར་ཡོད། དེར་མ་ཟད། རྩོམ་རིག་ནི་མིའི་རིགས་ཀྱི་བསམ་བློའི་རྟེན་གཞིའང་ཡིན་ཏེ། ཀློག་པ་པོར་མཚོན་ན་རྩོམ་རིག་ནི་བསམ་བློའི་འདུ་ཤེས་ཀྱི་བརྟེན་དང་གནས་མལ་བཅའ་སའི་ཕོ་བྲང་ཡིན། ཀློག་པ་པོ་དང་རྩོམ་རིག་གི་འབྲེལ་བ་ནི་ཕོ་བྲང་དེ་ལས་རང་ཉིད་ངོས་ཟིན་པར་བྱེད་པའི་གོ་རིམ་ཡིན། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1