གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

སུ་རུ་དཀར་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༠༩ཉིན།

༄༅།།གཞན་གསོས་བུ་མོའི་ཞོགས་གླུ།



སུ་རུ་དཀར་པོ།


ཁུ་བྱུག
སྐྱ་རེངས་བསུ་བའི་སྐུ་མགྲོན་ཐོག་མ།
ལྡེམ་ལྕུག་ལྕུག་གི་ལྗོན་པའི་ཡལ་གར་བབས་ཏེ།
གྲེ་བ་ངག་ལ་འཁྱིལ་བའི་སྐད་གསང་མཐོན་པོས།
སྙན་འཇེབས་ཀྱི་དབྱངས་རྟ་འགུགས་པར་བྲེལ་དུས།
ཞོགས་ཟིལ་སྟེང་ལ་འཕྲོས་པའི་ཉི་ཟེར་གྱི་ལྡོག་འོད་དེས།
སྟ་གོ་བགྱིས་པའི་ཁུ་བྱུག་གི་རེ་འབོད་ཀྱི་ཞོགས་གླུ་དེ་འགག་པར་བྱེད།
ཁུ་བྱུག་གིས།
ཡང་བསྐྱར་ཨོལ་ཀྲོང་མིད་པའི་མདུད་པ་གློད།
རེ་ཞིང་སྒུག་པའི་དབྱངས་གསལ་གྱི་ས་བོན་སོ་བཞི།
གདེང་ཐོགས་པའི་གསོམ་སྡོང་རིང་བོའི་མགོར་བཞག་སྟེ།
ཞོགས་གླུ་སྙན་མོའི་ཅོང་བརྡ་དེས་རི་ལུང་ཐམས་ཅན་བྲོད་དུ་བཅུག
ས་འབུ་ནག་རིང་གིས་ཀྱང་གླུ་དེར་ཉན་ནས་མགོ་བོ་ཡར་ལ་བཀྱགས།
དེ་དུས།
ཉི་འོད་རིམ་གྱིས་ས་གཞིར་ཁྱབ།
ལྡོག་འཕྲོས་ཀྱི་བཟི་ཁ་སྔར་ལས་གཉོམ།
དབང་ལ་མི་དབང་བའི་ཞོགས་གླུའི་ཅོང་བརྡ།
དབྱངས་གསལ་སོ་བཞིར་གདངས་ལ་བརྒྱུས་ཤིང་ངག་ལ་དྲངས།
དེ་དུས། ཁུ་བྱུག་གི་གྲེ་བ་ཡོད་ཚད་ཞོགས་གླུའི་འགྱུར་ཁུག་དང་བསྡོངས་ཏེ།
རི་གྲོང་ན་གནས་པའི་མི་ཟོག་ཐམས་ཅད་དགའ་བའི་དགོད་སྒྲ་ལྷང་ངེར་གྱུར།
དེ་དུས།
ང་དང་སྣོད་བཅུད་ལ།
སྲུང་འཁོར་ལྟ་བུའི་ཕ་སྐད་ཀྱི་འཚོ་བཅུད་འཛོམས།
ཁུ་བྱུག་གིས་སྣོད་བཅུད་ཀྱི་དོན་ལྔ་སྣོད་དྲུག་ལ་ཟུངས་ཀྱི་དྭངས་མ་གནང་།
ཚོར་ཤེས་ཀྱི་འདུ་ཤེས་ངར་ཆིལ་ལེར་ང་དང་སྣོད་བཅུད་ཀྱི་སྲོག་རྩ་བརྟན་དུ་བཅུག
ནམ་ཡང་ངའི་བླ་ཚེ་སྲོག་གསུམ་ལ་གསོན་ཤུགས་ཀྱི་འབོད་སྐུལ་ཐེངས་གཅིག་མིན་པས།
ཁུ་བྱུག་ལགས། སྐུ་དྲིན་མ་ཆུང་། ང་ཚོར་གནང་བ་མང་དྲགས་པས་འོ་བརྒྱལ་མྱོང་སོང་།
ང་དང་སྣོད་བཅུད་ལ།
སྐུ་དྲིན་ཆེ་བའི་ཁུ་བྱུག་སྔོན་མོ།
དྲིན་ཆེ་ཞིང་དྲིན་ངོ་ཤེས་པའི་ས་བོན་སྣ་ཚོགས།
ཡང་བསྐྱར་ཁྱེད་ལྟ་བུའི་ཞོགས་པའི་ཅོང་བརྡ་ལ་རེ་བཅོལ་བྱས།
ཤི་མ་གསོན་གྱི་སོས་ཀའི་གསར་འབུས་ཀྱི་ལྗང་ལོའི་འོག་གི་འབའ་འབུ་དང་།
གཉོམ་དུང་དུང་གི་དབྱངས་གསལ་གྱི་ས་བོན་གཉོར་བའི་རྒོད་པོ་ཤ་ཞེན་ཅན་ཚོར།
ཕ་སྐད་ནི་གསར་དུ་འབུས་པའི་མེ་ཏོག་ཆུང་ཆུང་ཞིག་ཡིན་པ་བརྗེད་དུ་མ་བཅུག
འདི་ནི་ཁུ་བྱུག་ཡིན།
ཁུ་བྱུག་གི་གསང་བའི་སད་མདའ་ཡིན།
འདི་ནི་ང་དང་སྣོད་བཅུད་ཡིན།
ང་དང་བརྟན་གཡོའི་མཛེས་ལྗོངས་ཀྱི་གོས་ལྭ་ཡིན།
འདི་ནི་ཕ་སྐད་ཀྱི་འབོད་པ་ཡིན།
ཕ་སྐད་ལ་རེ་བའི་དབྱངས་གསལ་གྱི་མེ་ཏོག་ཡིན།
འདི་ནི་སྣོད་བཅུད་ལ་གཟི་མདངས་སྣོན་པའི་གཞན་གསོས་བུ་མོའི་ཞོགས་གླུ་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1