༄༅།།རོང་ཁུལ་གྱི་བོད་ལོ་གསར་གཏོང་ཚུལ།

སྐལ་བཟང་ཐུབ་བསྟན་གྱིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་རིགས། སྤེལ་དུས། 06-10




སྐལ་བཟང་ཐུབ་བསྟན་གྱིས་བྲིས་ཤིང་པར་བླངས།

      

ལོ་གསར་སྐབས་སུ་གནས་རི་ཐོག་རླུང་རྟ་བཀོད་པ།

        དགུན་ཟླ་ཐ་ཆུང་གསུམ་ནི་རོང་ཁུལ་མི་དམངས་ལ་མཚོན་ན་ལོ་གཅིག་གི་བྱ་བ་ཐམས་ཅད་གནས་སྐབས་མཚམས་བཞག་ནས་ངལ་གསོའི་དུས་དང་འཁེལ་ཞིང་ལོ་གཅིག་དཀའ་ལས་བརྒྱབ་པའི་འབྲས་བུ་ཡང་སྨིན་ནས་འདོད་ཡོན་ལོངས་སྤྱོད་འབེལ་བའི་དུས་ཡིན་པས་བོད་ཟླ་བཅུ་གཉིས་པའི་དུས་ཚོད་ཕལ་ཆེར་བ་ལོ་གསར་སྔོན་གྱི་གྲ་སྒྲིག་བྱེད་ཀྱིན་རེད། རོང་ཁུལ་ནང་བསྟན་གྱི་དགོན་པ་ཕལ་ཆེར་གྱིས་དགུ་གཏོར་འཆམ་པའི་སྟ་གོན་ཡང་བྱེད་ཀྱི་ཡོད། དགུ་གཏོར་ནི་ལོ་རྙིང་པའི་ནད་ངན་རྐྱེན་ངན་བཀྲ་མི་ཤིས་པ་ཐམས་ཅད་ཕྱིར་སྐྲོད་ཅིང་དགེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་ཚུར་བསུ་བའི་ཆོས་ལུགས་ཀྱི་དུས་སྟོན་ཆེན་པོ་ཞིག་ཡིན་པས་མཇལ་མཁན་གྱི་མི་སེར་ཧ་ཅང་མང་། ལོ་སར་ལ་ཉེ་བའི་ཚེ་ན་མི་རྣམས་ཀྱིས་ཤ་དང་། དཀར་གསུམ་མངར་གསུམ། ཆང་རག སིལ་ཏོག རྒྱན་ཆ། རླུང་རྟ་དཔུང་རྒྱན་སོགས་ཉོ་སྒྲུབ་བྱེད་པ་ལ་བྲེལ་ཞིང་། དེ་མིན་གྲོ་ཆེན་བརྡུང་བའི་བྱ་བ་ཙག་ཙིག་དང་རྟ་རྒྱུག་དང་བག་སྟོན་སྐོར་དང་འབྲེལ་བའི་གྲ་སྒྲིག་ཀྱང་ཚགས་སུ་ཚུད་པ་བྱེད་དགོས། དེང་དུས་མི་དམངས་ཀྱི་འཚོ་བ་ཉིན་བཞིན་ཡར་རྒྱས་སུ་ཕྱིན་པས་ལོ་རེའི་ལོ་གསར་གྱི་གྲ་སྒྲིག་བྱེད་པའི་ཅ་དངོས་ཀྱང་ཇེ་མང་དང་ཇེ་རྒྱས་སུ་འགྲོ་བཞིན་འདུག དེ་ཡང་ལོ་མ་སར་པའི་སྔོན་དུ་སྡེ་ཚོ་སོ་སོའི་སྡེ་དཔོན་གཙོས་པའི་རྒན་རིམ་རྣམས་ལྷན་དུ་འཛོམས་ནས་ལོ་གསར་ཇི་ལྟར་བསུ་བའི་བགྲོ་གླེང་བྱས་ཏེ་འོས་འཚམ་གྱི་དུས་ཤིག་བདམས་ནས་མི་དམངས་འདུས་ཚོགས་ཀྱི་ཁྲོད་དུ་དྲིལ་བསྒྲགས་གཏོང་ཞིང་དེ་དང་ལྷན་དུ་ལོ་གཅིག་གི་སྡེ་ཚོ་སོ་སོའི་ལེགས་ཉེས་ཀྱི་ཕྱོགས་བསྡོམས་བྱས་རྗེས་བཟང་ལ་བྱ་དགའ་དང་ངན་ལ་ཆད་པ་བཅད་ཀྱིན་ཡོད། ཚེས་ཉེར་དགུའི་ཞོགས་པ་སྔ་མོར་དགུ་གླུད་ཅེས་ཁང་པའི་དུ་རྒན་དང་ཁ་ཁ་ཁུག་ཁུག་ཀུན་གྱི་མི་གཙང་བ་རྣམས་ཕྱགས་ནས། ཉིན་དཀར་དགུ་འཁྲུ་དགུ་བཤལ་ཞེས་ལུས་པོ་དང་མི་གཙང་བའི་གོས་ཆས་ཐམས་ཅད་བཀྲུ་དགོས། ནུབ་མོར་སླེབས་ཚེ་གླུད་སྒྲིལ་ཞེས་རྩམ་པ་ཆུ་གྲང་ནང་བརྫིས་ནས་མཛུབ་མོ་ལྔ་ཀའི་རྗེས་བཀྲ་བ་ཞིག་ཁུར་ནས་མགོ་ཐོག་ནས་མར་དལ་གྱིས་ལུས་ཡོངས་ལ་བསྒྲེས་རྗེས་ཞོགས་སྔ་མོའི་ཕྱགས་ལུད་ནང་དུ་འཕངས་ནས་ཕྱོགས་ནག་གི་ཕྱོགས་སུ་ལམ་སུམ་མདོ་རུ་འདོར་དགོས་ཀྱི་ཡོད། གནམ་གང་གི་ཉིན་ཁང་པར་ས་དཀར་བྱུགས་ཤིང་ལྷ་ཤིང་དང་བསང་ཤུག་ཁུར་དུ་འགྲོ་དགོས། ནུབ་མོར་སྦྲང་ཡོས་དང་གྲོ་གཅུས། ཕྱེ་མར་བཀྲ་ཤིས་བདེ་ལེགས་གཙོས་པའི་ཁ་ཟས་དང་བཤམས་མཆོད་ཀྱི་རིགས་རྣམས་བཟོ་དགོས། གནམ་གང་ནས་བཟུང་སྟེ་ལོ་གསར་ཚེས་བཅོ་ལྔའི་བར་དུ་ནུབ་རེ་བཞིན་མར་མེའི་མཆོད་ཀོང་མཚན་ཐུབ་སྦར་དགོས་ཀྱི་ཡོད། གནམ་གང་གི་ནུབ་མོར་དུ་དུང་དཀར་ཐིག་རྒྱག་པ་ཞེས་ས་དཀར་གྱི་ཁུ་བར་རས་ཀྱི་ཡོས་མགོ་ལྟ་བུ་ཞིག་བསྡམས་ནས་ནག་དྲེག་ཆགས་པའི་གདུང་མ་རྣམས་ལ་དཀར་པོའི་སྒོར་ཐིག་ཁྲ་ལམ་མེར་རྒྱག་པ་དང་། གྲོ་ཕྱེ་མཐེབ་མོ་དང་མཛུབ་མོའི་གསེབ་ཏུ་གཅུན་ནས་ཐབ་ཀའི་རྒྱབ་ངོས་དང་རྒྱབ་མཐོངས་ཀྱི་གྱང་ངོས་སུ་ཉི་ཟླ་དང་ནོར་བུ་མེ་འབར། བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོ་རྒྱག་སྲོལ་ཡོད། འོན་ཀྱང་ད་ལྟར་འཚོ་རྐྱེན་བཟང་བས་ཡུལ་ལུང་ཀུན་ཏུ་སྲོལ་འདི་རྒྱུན་ཆད་ལ་ཁད་འདུག དེ་ནས་བྱ་ཕོས་དང་སྐད་གྲག་པ་དང་གྲོ་ཆེན་དང་ཁ་ཟས་ཉུང་ངུ་ཁྱེར་ཏེ་གསེར་ཆུ་དང་དངུལ་ཆུ་འཕྲོག་ཏུ་འགྲོ་དགོས། གལ་ཏེ་ཁྱིམ་ཚང་སུ་ཞིག་གིས་གསེར་ཆུ་སྟེ་བྱ་སྐད་ཐོག་མ་བཏང་ཟིན་པ་ནས་ཨང་དང་པོ་བླངས་ཐུབ་པའི་ཆུ་ལ་ཟེར་ཞིང་དེ་སུ་ཚང་གིས་འཕྲོག་ཐུབ་ན་བསོད་ནམས་ཆེན་པོ་དང་གཟི་བརྗིད་ཆེན་པོར་བརྩི་ཡི་ཡོད། དེ་མིན་ཐམས་ཅད་དངུལ་ཆུ་ཡིན། འོན་ཏེ་བྱ་ཕོས་སྐད་མ་གཏོང་གོང་དུ་ཆུ་ལེན་དུ་ཕྱིན་པ་ཡིན་ན་ལྐུགས་ཆུ་ཞེས་བཟང་པོ་མི་བརྩིའོ།། དེའི་ཕྱིར་རོང་ཁུལ་གྱི་ཁྱིམ་ཚང་ཚང་མ་ལ་བྱ་ཕོ་རེ་མེད་པ་དཀོན་པའི་རྒྱུ་མཚན་ཡང་འདི་ལ་ཐུག་ཡོད། ཡིན་ན་ཡང་ད་ལྟ་ཏང་གི་དམངས་ཕན་སྲིད་ཇུས་བཟང་པོ་ལག་བསྟར་དོན་འཁྱོལ་བྱུང་བ་ལ་བརྟེན་ནས་རང་བྱུང་ཆུ་སྦུག་དུད་ཁྱིམ་སོ་སོའི་སྒོ་འགྲམ་དུ་སླེབས་པས་གསེར་ཆུ་དངུལ་ཆུ་འཕྲོག་པའི་འགྲན་རྩོད་བྱེད་ཤུགས་ཇེ་ཆུང་དུ་གྱུར་འདུག གསེར་ཆུ་དངུལ་ཆུ་བླངས་ཚར་རྗེས་ནམ་ལངས་ལ་རན་པས་ཁྱིམ་མིའི་ལས་དང་དབང་འགན་ཁུར་བ་རྣམས་ཀྱིས་བཤམས་མཆོད་སྒྲིག་འགོ་ཚུགས་ཤིང་གསེར་ཆུ་དངུལ་ཆུས་གྲོ་ཆེན་བཙོས་འགོ་བརྩམ། རོང་ཁུལ་གྱི་བཤམས་མཆོད་བྱེད་ས་གཙོ་བོ་ནི་མཆོད་ཁང་ངམ་གཡང་ཁང་ཞེས་མ་ཁྱིམ་ལ་ཟུར་སྦྱར་བྱས་པའི་ཁང་མིག་དགུ་ཅན་ནམ་བཅུ་གཉིས་ཅན་ཞིག་གི་ནང་དུ་ཡིན་ཞིང་དེའི་ནང་དུ་ཆོས་དཔེ་དང་། ཆོས་ཆས། ཐང་ག ལྷ་སྐུ། བླ་སྤྲུལ་གྱི་སྐུ་པར་དང་རིན་པོ་ཆེ་གཙོས་པའི་ཁྱིམ་ནོར་རྩ་ཆེན་རྣམས་བཞག་ཡོད་པས་དེ་དག་གི་མདུན་དུ་བཤམས་པའི་མཆོད་རྫས་ཡང་གྲངས་ཀ་མང་བ་མ་ཚད་གཙང་ཞིང་བཟང་ལ་ཡིད་དབང་འཕྲོག་པ་ཞིག་ཡིན། དེ་ནས་ནམ་ལངས་པ་དང་ཁྱིམ་མི་རྣམས་ཀྱིས་ཁ་ལག་གཙང་མ་བཀྲུས་རྗེས་ཁྱིམ་མི་རྒན་རིམ་ཞིག་གིས་ཕྱེ་མར་བཀྲ་ཤིས་བདེ་ལེགས་ཁེམ་བུ་གང་རེ་ཁྱིམ་མི་སོ་སོའི་ལག་ཏུ་བླུག་རྗེས་ཁ་ཕྱེ་མར་གྱིས་གང་། ལུས་བསོད་ནམས་ཀྱིས་གང་ཞེས་ཟེར་ཞོར་ཕྱེ་མར་འགམས་དགོས། དེ་ནས་གསེར་ཆུ་དངུལ་ཆུས་བཙོས་པའི་གྲོ་ཆེན་འཐུང་དགོས། ལོ་གསར་ཚེས་གཅིག་གི་ཞོགས་པ་སྔ་མོར་བྱིས་པ་རྣམས་རང་ཁྱིམ་གྱི་གྲོ་ཆེན་ཕོར་བ་གང་ཁྱེར་ནས་ཁྱིམ་གཞན་དུ་སྐྱེལ་བ་ལ་ཧ་ཅང་དགའ་ཞིང་གང་རེད་ཅེ་ན་གཅིག་ནི་ཁྱིམ་ཚང་སོ་སོའི་གྲོ་ཆེན་གྱི་ཞིམ་ཞན་ལྟ་ཐུབ་པ་དང་། གཉིས་སུ་ན་བྱིས་པ་ཚང་མས་ཁ་ཟས་མང་པོ་རག་གི་ཡོད་པ་རེད། ཉི་རྩེ་ཁང་ཐོག་ལ་ཕོག་པ་དང་བསང་དུ་མཉམ་འཕྱུར། ལྷ་དར་མཉམ་འཕྱར་བྱེད་ཐུབ་དགོས། དེའི་རྗེས་བོད་སྦྲང་དང་གྲོ་མ། མར་བཅས་བསྲེས་པའི་གྲོ་མ་མར་ཁུ་བཟོས་ཏེ་ཆུང་དམར་འབྱར་གྱི་ཕྲུ་གུ་ཡན་ཆད་ལ་རང་རང་སོ་སོའི་བགོ་སྐལ་དུ་གྲོ་མ་མར་ཁུ་ཕོར་པ་གང་རེ་བཞག་པའི་སྲོལ་ཡོད། རོང་ཁུལ་དུ་གྲོ་མ་དཀོན་པས་གྲོ་མ་མར་ཁུ་ནི་ཧ་ཅང་རྩ་ཆེན་ཞིག་ཏུ་འཛིན་གྱི་ཡོད། དེ་ནས་ཁྱིམ་དུ་ཡིག་འདོན་ཤེས་མཁན་ཡོད་ན་གཡང་སྐྱབས་དང་བཀྲ་ཤིས་བརྩེགས་པ་སོགས་འདོན་དགོས་པ་དང་མེད་ཚེ་ཨ་མཆོད་རྒན་རིམ་ཞིག་བཀུགས་ནས་འདོན་དགོས། ལོ་གསར་ཚེས་གཅིག་ཉིན་གད་བདར་བྱེད་མི་ཆོག་ཅིང་ཕོར་པ་སོགས་ཀྱང་བཀྲུ་སྲོལ་མེད། ཁ་རྩོད་དང་འཐབ་མོ་སོགས་བཀྲ་མི་ཤིས་པ་ཚང་མ་འཛེམ་གང་ཐུབ་བྱེད་ཀྱི་ཡོད་ལ་དོ་གལ་ཆེན་པོ་མེད་ན་མི་ཚང་གཞན་དུའང་འགྲོ་མི་སྲིད། ཆེས་སྣང་བ་སྐྱིད་པ་ནི་བྱིས་པ་རྣམས་ཡིན་ཏེ། ཁ་ལག་གཉིས་ཁོམ་དུས་རང་མེད་ལ་རྩེད་མོའི་རིགས་སྣ་ཚོགས་སྤེལ་ཏེ་ཉི་མ་ནུབ་རིའི་ཕག་ཏུ་ཡིབ་སོང་ཡང་ད་དུང་སྤྲོ་བས་ཁེངས་པའི་སེམས་ཤུགས་ནི་ནམ་ཡང་འཇགས་ཐབས་བྲལ། ཚེས་གསུམ་ཉིན་ནི་གྲོང་ཚོ་ཡོངས་ཀྱི་དུད་ཚང་རེའི་མི་རེ་གཞི་བདག་གི་མདུན་དུ་ལྷ་བསང་གཏོང་དུ་འགྲོ་དགོས། དེའི་ཉིན་རྟ་རྒྱུག་དང་མི་རྒྱུག་གླུ་ལེན་གར་རྩེ་སོགས་ལྟད་མོ་མིག་གི་བསོད་ནམས་གྱུར་པ་མང་པོ་ཡོད་པས་ལོ་གསར་གྱི་ཆེས་འདུ་འཛི་ཆེ་བའི་ཉིན་མོ་ཞིག་ཡིན་པ་རེད། ཚེས་བཞི་ནས་བཟུང་སྟེ་ཁྱིམ་ཚང་སོ་སོ་མགྲོན་སྐོར་གྱི་འགོ་ཚུགས་ཤིང་ཚེས་བཅུ་བཞིའི་བར་མཚམས་འཇོག་གི་ཡོད། དེའི་བར་མཚམས་སུ་བག་སྟོན་བྱེད་མཁན་ཡོད་ན་དར་བཏགས་འགྲོ་དགོས་ཤིང་བྲོ་གཞས་འཁྲབ་པ་མཚོན་སྟོན་མོ་མང་པོ་བལྟ་རྒྱུ་ཡོད་པ་རེད། དུས་རིམ་འདིའི་ནང་དུ་ལོ་ན་ཆེ་འབྲིང་ཆུང་གསུམ་གྱི་ན་ཆུང་བྱིས་པ་རྣམས་བུ་ཚ་བུ་མོའི་འདུས་མོ་བྱེད་ཀྱི་ཡོད། འདུས་སྟོན་རང་རང་སོ་སོ་ནས་བསྡུས་དགོས་ཤིང་འདུས་མོ་བྱེད་མཁན་ག་ཚད་ཡོད་ན་དེ་དག་གི་ཁྱིམ་དུ་རེས་མོས་བྱས་ནས་བསྐོར་སྡོད་བྱེད་སྲོལ་ཡོད་པ་རེད། ཚེས་བཅོ་ལྔའི་ཉིན་ནི་ལོ་གསར་མཐའ་སྡུད་པའི་ཉིན་མོ་ཡིན་ལ་དེའི་ཉིན་གྲོང་ཚོ་ཡོངས་ཀྱི་སྐྱེས་བུད་མེད་རྒན་གཞོན་བར་མ་ཐམས་ཅད་གཏན་འཁེལ་གྱི་ས་གནས་ཤིག་ཏུ་འདུས་འཛོམས་བྱས་ཏེ་དགའ་སྟོན་བྱེད་ཀྱི་རེད། ལོ་སྔ་མའི་སྤྱི་གཉེར་རྣམས་ཀྱིས་རྩིས་སྤྲད་བྱས་དགོས་ལ་སྤྱི་གཉེར་གསར་མ་རྣམས་ཀྱིས་རྩིས་ལེན་བྱེད་དགོས། དེ་ནས་སྡེ་དཔོན་དང་རྒན་རིམ་དག་གིས་ལོ་གསར་སྐོར་གྱི་ཕྱོགས་བསྡོམས་དང་ལོ་འདིའི་སྲིད་ཇུས་གསར་པ་དང་འཆར་གཞི་གསར་པ་སོགས་དྲིལ་བསྒྲགས་བྱས་རྗེས་རྟ་རྩལ་མི་རྩལ་དང་གླུ་ལེན་གར་འཆམ་བཀྲ་ཤིས་པའི་བྲོ་གཞས་བསྐོར་ཏེ་སྨོན་ལམ་བཟང་པོ་བཏབ་ནས་ལོ་གསར་པའི་མཇུག་བསྡུས་པ་ཡིན་ནོ།།

 དགོན་པས་འབག་འཆམ་པ།


རྟ་རྒྱུག་འགྲན་བསྡུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1