ཞི་ཅིན་ཕིང་གིས་ཉིང་ཞ་རུ་དོན་འདི་དག་ནན་སྟོན་གནང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-11



 ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་སྒྲོལ་འགག་གཏོར་གྱི་མཐའ་མའི་དམག་འཐབ་ལ་རྒྱལ་ཁ་ལེན་པ། དཔལ་འབྱོར་དར་རྒྱས་དང་མི་རིགས་མཐུན་སྒྲིལ། ཁོར་ཡུག་མཛེས་སྡུག་ལྡན་པ།  མི་དམངས་འབྱོར་ཕྱུག་ལྡན་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཉིང་ཞ་གསར་པ་མུ་མཐུད་འཛུགས་སྐྲུན་བྱེད་དགོས་པའི་ནན་སྟོན་གནང་བ།

     འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱེད་པ། འགག་གཏོར་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ། བརྟན་པོ་དྲུག་གི་ལས་དོན་ཏན་ཏིག་སྒྲུབ་པ། འགན་ལེན་དྲུག་གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་ཧུར་ཐག་བྱེད་པ། ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་སྲུང་སྔོན་ལ་འཇོག་པ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དབུལ་སྒྲོལ་འགག་གཏོར་གྱི་མཐའ་མའི་དམག་འཐབ་ལ་རྒྱལ་ཁ་ལེན་པ། དཔལ་འབྱོར་དར་རྒྱས་དང་མི་རིགས་མཐུན་སྒྲིལ། ཁོར་ཡུག་མཛེས་སྡུག་ལྡན་པ། མི་དམངས་འབྱོར་ཕྱུག་ལྡན་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཉིང་ཞ་གསར་པ་མུ་མཐུད་འཛུགས་སྐྲུན་བྱེད་དགོས་པའི་ནན་སྟོན་གནང་ཡོད།

     དབྱར་གཞུང་འདིར་ནམ་མཁའ་དྭངས་ཤིང་སྤྲིན་པ་ཉུང་བ་དང་རྩྭ་རྩི་ཤིང་སྔོ་ཐིང་ཐིང་དུ་གྱུར་ཡོད།  སྤྱི་ཟླ་6པའི་ཚེས་8ཉིན་ནས་ཚེས་10ཉིན་བར། ཞི་ཅིན་ཕིང་གིས་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་རུན་ཨེར་དང་། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཞན་ཧུའེ་ཡི་ཕེབས་རོགས་འོག་སྔ་རྗེས་སུ་ཝུའུ་ཀྲུང་དང་། དབྱིན་ཁྲོན་སོགས་སུ་ཕེབས་ཏེ་གྲོང་གསེབ་དང་། སྡེ་ཁུལ། ཆུ་ལོག་འགོག་པའི་ལས་གཞི། ཞིང་ལས་ཐོན་ལས་གླིང་ཁུལ་སོགས་ལ་ཟབ་ཞུགས་གནང་ནས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བརྟག་ཞིབ་གནང་ཡོད།

     ཝུའུ་ཀྲུང་གྲོང་ཁྱེར་ཧུང་སེ་པའོ་ཁུལ་ཧུང་སེ་པའོ་གྲོང་རྡལ་ཧུང་ཏེ་གྲོང་ཚོ་ནི་འབྱུང་ཁམས་གནས་སྤོས་གྲོང་ཚོ་ཞིག་ཡིན་པ་དང་། དེ་གར་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ཁྱིམ་དུད་1036དང་མི་4497ཡོད། མིག་སྔར། ད་དུང་ཁྱིམ་དུད་20དང་མི་50དབུལ་སྒྲོལ་ཐུབ་མེད།  སྤྱི་ཚེས་8ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཐོག་མར་ཧུང་ཏེ་གྲོང་ཚོའི་དབུལ་སྒྲོལ་འགག་གཏོར་ལས་དོན་ལ་རྟོག་ཞིབ་གནང་ཡོད། གྲོང་ཚོའི་དབུལ་སྐྱོར་འཁོར་ཁང་ནང་ཁོང་གིས་ཉིང་ཞ་དང་ཧུང་ཏེ་གྲོང་ཚོའི་དབུལ་སྒྲོལ་འགག་གཏོར་གྱི་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་གནང་ཡོད། དབུལ་སྐྱོར་འཁོར་ཁང་ནང་ཕེབས་སྐབས་ཞི་ཅིན་ཕིང་གིས་ཤོག་སྒམ་ལས་སྣོན་དང་བཟོ་བཞིན་པའི་གྲོང་མི་རྣམས་ལ་བྱམས་བརྩེའི་ངང་བཀའ་མོལ་གནང་ཡོད། ཡུལ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་གྲོང་ཚོའི་ནང་ཁེ་ལས་གཉེར་ནས་ཤོག་སྒམ་ཐུམ་སྒྲིལ་ལས་སྒོ་གཉེར་བ་དེས་མི་བརྒྱ་ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ཡོད་ཅེས་ཞུས་པར་ཞི་ཅིན་ཕིང་གིས་ཁས་ལེན་གནང་ཡོད། ཁོང་གིས། དབུལ་སྐྱོར་འཁོར་ཁང་གཉེར་བའི་དམིགས་ཡུལ་ནི་དབུལ་སྐྱོར་བྱ་ཆེད་ཡིན་པས་དབུལ་སྐྱོར་གྱི་ངོ་བོ་རྒྱུན་འཁྱོངས་བྱེད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཕྱོགས་ལྷུང་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་གང་མང་ལས་ཞུགས་ཐུབ་པ་བྱེད་དགོས། ཡུལ་མི་ཚོ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་དང་། མ་གཞི་ཡོང་འབབ་གྲོང་ཁྱེར་ནང་ལས་ཀ་བྱས་པ་ལས་མཐོ་བ་མེད་མོད། འོན་ཀྱང་སྡོད་སའི་ཁང་པ་དང་། ཟ་འཐུང་། འགྲིམ་འགྲུལ་སོགས་ཀྱི་འགྲོ་གྲོན་ཉུང་གཏོང་ཐུབ་པའི་ཁར་ཁྱིམ་ལ་ལྟ་རྟོག་ཐུབ་པས་དེ་ནི་གཅིག་གོ་ཉིས་ཆོད་རེད། ཁེ་ལས་ནས་དབུལ་སྐྱོར་འཁོར་ཁང་གཉེར་བ་དེའི་ཐོག་ནས་སྔོན་ལ་ཕྱུག་པོ་ཆགས་པ་ཚོས་གཞན་ཕྱུག་པོ་ཆགས་རྒྱུར་རོགས་རམ་བྱས་པ་མངོན་ཡོད། དེ་ནི་དོན་སྙིང་ལྡན་པ་ཞིག་རེད་ཅེས་གསུངས་པ་རེད།

     དེ་རྗེས། ཞི་ཅིན་ཕིང་ནས་ཞབས་ཐང་དུ་གྲོང་ཚོར་སྐོར་བ་བསྐྱོན་གནང་ཡོད། ཧུའེ་རིགས་ཀྱི་གྲོང་མི་ལིའུ་ཁེ་རུའེ་ཡི་ཁྱིམ་དུ། ཁོང་ནས་ར་སྐོར་དང་། མགྲོན་བསུ་ཁང་། ཉལ་ཁང་། ཐབ་ཚང་། ཕྱུགས་ར་བཅས་ལ་ཞིབ་གཟིགས་གནང་བ་དང་། ཁྱིམ་ཚང་དེའི་ལས་ཞུགས་དང་། ཡོང་འབབ། ནད་ལྟ་བ། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། ལིའུ་ཁེ་རུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅིར། ང་ཚོའི་ཁྱིམ་གྱི་རྨོ་ཞིང་སྤོ་སྒྱུར་བྱས་པ་མ་ཟད། ད་དུང་བཤས་ཕྱུགས་3གསོ་ཚགས་བྱས་ཡོད་པ་དང་། བུ་དང་བུའི་མནའ་མ་གཉིས་ཀ་ཉེ་འགྲམ་གྱི་འཁེལ་འཐག་བཟོ་གྲྭར་གླ་པ་རྒྱུག་བཞིན་ཡོད། སྤྱི་ལོ་2017ལོར་ཁྱིམ་ཚང་ཧྲིལ་པོ་དབུལ་སྒྲོལ་ཐུབ་པ་དང་། འཚོ་བ་ཡང་ཇེ་ལེགས་ནས་ཇེ་ལེགས་སུ་གྱུར་བས།  གྲོང་ཚོའི་མང་ཚོགས་ཀྱིས་སེམས་གཏིང་ནས་ཏང་གི་སྲིད་ཇུས་ཡག་པོ་ཡོད་པ་ཚོར་ཡོད་ལ། གུང་ཁྲན་ཏང་རང་ཉིད་དང་བློ་ཉེ་བའི་ཚོར་སྣང་བྱུང་ཞེས་ཞུས་ཡོད། ཞི་ཅིན་ཕིང་གིས་ལིའུ་ཁེ་རུའེ་རྒན་རྒོན་གཉིས་ལ་ད་དུང་དཀའ་ངལ་ཅི་ཞིག་ཡོད་པ་དང་། ཕྱིན་ཆད་ཀྱི་འཚོ་བར་རེ་བ་གང་འདྲ་བཅངས་ཡོད་པ་བཀའ་འདྲི་གནང་ཡོད། ཞི་ཅིན་ཕིང་གིས། གྲོང་ཚོའི་མང་ཚོགས་རྣམས་གནས་སྤོ་བྱས་རྗེས། འཚོ་བ་དེ་བས་ཡག་པ་སྐྱེལ་ཐུབ། དེར་བརྟེན་གྲོང་ཚོའི་མང་ཚོགས་ཚོས་དཀའ་སྤྱད་འབད་འཐབ་དང་། གོམ་གང་མདུན་སྤོས་ཀྱིས་རང་སོའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་བྱས་ཏེ། རང་ཉིད་ཀྱི་ལག་པ་གཉིས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།

     གྲོང་ཚོ་ནས་ཞལ་གྱེས་སྐབས། གྲོང་ཚོའི་མང་ཚོགས་ཚོ་གྲོང་སྣེར་གཅིག་བསྡུས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་ཡོད། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གིས་གུས་ལན་གནང་བ་དང་། གྲོང་ཚོའི་མང་ཚོགས་རྣམས་འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་གནང་ཡོད།

 

     ཞི་ཅིན་ཕིང་གིས་རྨ་ཆུ་རྒྱུག་ཁུལ་གྱི་འབྱུང་ཁམས་སྲུང་སྐྱོབ་དང་སྤུས་མཐོའི་གོང་འཕེལ་ལ་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད། ཁོང་རྨ་ཆུའི་ཝུའུ་ཀྲུང་པིང་ཧོ་ཆུ་བོའི་ལམ་ཆེན་གྱི་གྲོང་ཁུལ་རྙིང་པའི་ལམ་དུ་ཕེབས་སྐབས། གཙང་འགྲམ་ནས་ཞབས་ཐང་དུ་ཕེབས་ཏེ་རྨ་ཆུའི་འབྱུང་ཁམས་བཅོས་སྐྱོང་དང་སྲུང་སྐྱོབ་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད་རྨ་ཆུའི་ཉིང་ཞ་རྒྱུད་ཀྱི་འབྱུང་ཁམས་བཅོས་སྐྱོང་སྲུང་སྐྱོབ་དང་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་གནང་ཡོད། ཞི་ཅིན་ཕིང་གིས། རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་རེད་ལ། ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་ཤེས་དཔལ་འཚོ་གནས་གོང་འཕེལ་ཐུབ་པའི་རྩ་ཆེའི་ཐོན་ཁུངས་ཤིག་ཀྱང་རེད། གནའ་དུས་ནས་བཟུང་། རྨ་ཆུས་མཛེས་སྡུག་རྣམ་པར་བཀྲ་ཞིང་འབྱོར་ཕྱུག་ལྡན་པའི་ཉིང་ཞ་ཡི་ས་ཁམས་གསོ་སྤེལ་བྱས་ཡོད་ལ། དེང་གི་དུས་སུ་ཉིང་ཞ་ཡི་མི་རིགས་ཁག་གི་མི་དམངས་ལ་མུ་མཐུད་ཕན་བདེ་སྐྲུན་བཞིན་ཡོད།  ཉིང་ཞ་ལ་གནས་བབ་ཧྲིལ་པོའི་འདུ་ཤེས་དང་འགན་སེམས་ལྡན་དགོས་པ་དང་། རྨ་ཆུར་གཅེས་སྤྲས་དང་སྲུང་སྐྱོབ་ཡག་པོ་བྱེད་དགོས་པ་མ་ཟད་ཕྱོགས་བསྡུས་བཅོས་སྐྱོང་དང་། མ་ལག་བཅོས་སྐྱོང་། འགོ་ཁུངས་བཅོས་སྐྱོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་རྨ་ཆུ་སྲུང་སྐྱོབ་བྱེད་པའི་མཐའ་ཐིག་གསལ་སྟོན་བྱེད་དགོས་པ་དང་། ཆུ་རགས་འཛུགས་སྐྲུན་དང་། ཆུ་ལམ་བཅོས་སྐྱོང་། གྲམ་ཐང་བཅོས་སྐྱོང་། འབྱུང་ཁམས་སླར་གསོ་སོགས་ཀྱི་ལས་གྲྭ་གཙོ་གྲས་ལ་གཅིག་གྱུར་ཐོག་སྐུལ་འདེད་བཏང་སྟེ་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྲོག་རྩ་ཡག་པོ་སྲུང་དགོས་ཞེས་གསུངས་གནང་ཡོད།

     ས་སྲོས་མཚམས་སུ། ཞི་ཅིན་ཕིང་ཝུའུ་ཀྲུང་གྲོང་ཁྱེར་ལིའུ་ཐུང་ཁུལ་ཅིན་ཧྭ་ཡོན་སྡེ་ཁུལ་དུ་ཕེབས་པ་རེད། སྡེ་ཁུལ་དེར་རྒྱུན་སྡོད་གྲོང་མི་13850ཡོད་པ་དང་། རྒྱ་རིགས་དང་། ཧུའེ་རིགས། མན་ཇུ་རིགས། སོག་རིགས། བོད་རིགས་སོགས་མི་རིགས་ཁག་གི་མང་ཚོགས་འཆམ་མཐུན་མཉམ་གནས་ཡིན་ཞིང་། དེ་སྔ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་མཉམ་སྡེབ་ཞེས་པའི་མཚན་སྙན་ཐོབ་ཡོད། ཞི་ཅིན་ཕིང་སྡེ་ཁུལ་ཏང་དང་མང་ཚོགས་བྱེད་སྒོའི་ལྟེ་གནས་སུ་ཕེབས་ནས། སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་དང་མི་རིགས་མཐུན་སྒྲིལ་སྡེ་ཁུལ་གསར་གཏོད། དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བའི་ལས་དོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། སྡེ་ཁུལ་གྱི་དང་བླངས་པའི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད། སྡེ་ཁུལ་ཐང་ཆེན་ཐོག་ཏུ་འཁྲུག་ཆ་དོད་པ་དང་། སོལ་དལ་རོལ་རྩེད་ལ་རོལ་བཞིན་པའི་གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་མ་ཐག ཚུར་རུབ་ཡོང་ནས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཡོད་པ་རེད། ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཚང་མར་ཀྲུང་ཧྭ་མི་རིགས་ནི་སྣ་མང་གཞི་གཅིག་གི་རླབས་ཆེན་མི་རིགས་ཤིག་ཡིན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་བྱེད་རྒྱུ་དང་གྲངས་ཉུང་མི་རིགས་གཅིག་ཀྱང་རྗེས་སུ་མི་ལུས་པ། མི་རིགས་ཁག་མཐུན་སྒྲིལ་ལག་གདང་སྦྲེལ་ཞིང་དཔུང་པ་མཉམ་གཤིབ་ཀྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དགོས། དེའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་མངོན་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་ཀྱང་མངོན་ཡོད། སྤྱི་ཚོགས་རིང་ལུགས་ནི་འབད་འཐབ་བྱས་ནས་བྱུང་བ་ཞིག་ཡིན་པ་དང་། བདེ་སྐྱིད་ནི་དཀའ་སྤྱད་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན། ཏང་དང་སྲིད་གཞུང་གིས་རྒྱུན་ཆད་མེད་པའི་འབད་བརྩོན་དང་མི་རིགས་ཁག་གིས་འབད་འཐབ་ལྷོད་མེད་བྱས་པའི་འོག འབྱུང་འགྱུར་གྱི་འཚོ་བ་དེ་བས་ལེགས་པ་དང་དེ་བས་བདེ་སྐྱིད་ལྡན་པ་ཡོང་ངེས་ཡིན་ཞེས་གསུངས་པ་རེད།

     རྨ་ཆུས་འཚོ་སྐྱོང་བྱས་པའི་འོག ཉིང་ཞ་ཀླུང་ཐང་ས་རྒྱུ་གཤིན་པ་དང་། དངོས་རྫས་ཕུན་སུམ་ཚོགས་པས་ལྕགས་རི་རིང་པོའི་བྱང་རྒྱུད་ཀྱི་སྐྱིད་ལྗོངས་ཞེས་པའི་མཚན་སྙན་ཐོབ་ཡོད། སྤྱི་ཚེས་9ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་དབྱིན་ཁྲོན་གྲོང་ཁྱེར་ཧོ་ལན་རྫོང་ཆུ་འབྲས་དང་ཉ་མཉམ་དུ་གསོ་བའི་བར་སྟོང་ཤང་གྲོང་འབྱུང་ཁམས་ལྗོངས་རྒྱུའི་གླིང་དུ་ཕེབས་པ་དང་། ཉིང་ཞ་ཡི་དེང་རབས་ཞིང་ལས་གོང་འཕེལ་དང་ཞིང་ལས་མཉམ་ལས་ཁང་གིས་ཞིང་པའི་ཡོང་འབབ་མང་དུ་བཏང་ནས་ཕྱུག་འགྱུར་ལམ་བུར་སྣེ་ཁྲིད་བྱེད་པའི་མ་དཔེ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་པར་གསན་གནང་བ་རེད། ཉིང་ཞ་ཡི་ཁྱད་ལྡན་ཞིང་ལས་འགྲེམས་སྟོན་ལ་གཟིགས་པ་དང་། ཆུ་འབྲས་དང་ཉ་མཉམ་དུ་གསོ་བའི་མཉམ་འདྲེས་གོང་འཕེལ་གྱི་གསར་གཏོད་བྱེད་ཐབས་ཐད་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་ལྗོངས་རྒྱུའི་སྟེགས་བུའི་ཐོག་ཕེབས་ནས། གླིང་ཁུལ་གྱི་མཛེས་ལྗོངས་ཁྱོན་ཡོངས་ལ་གཟིགས་གནང་བ་རེད། བསིལ་རླུང་ལྡང་ཞིང་ལྗང་མྱུག་མགོ་ལྕོག་ལྡེམ་པས། སྐྱེ་སྟོབས་དཔལ་གྱིས་ཡོངས་སུ་ཕྱུག་པར་གྱུར། ཁོང་ཞིང་ཁའི་མུ་ཁ་བརྒྱུད་དེ་འབྲས་ཞིང་ནང་དུ་ཕེབས་པ་དང་། འདི་གར་ལས་ཀ་བྱེད་བཞིན་པའི་གྲོང་མི་ཚོ་དང་མཛའ་བརྩེའི་ངང་སྤེལ་རེས་གནང་བ་རེད། གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིར། ད་ཆ་ས་ཞིང་སྤོ་སྒྱུར་འགྲོ་གྲོན་དང་ངལ་ལས་གླ་ཆ་ཡོད་ལ། ད་དུང་ལོ་མཇུག་ཏུ་ཐོབ་ཆ་བགོ་བས་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། འགན་ལེན་ཡང་ཐུབ་ཀྱི་འདུག་ཅེས་གསུངས་པ་རེད། ཉ་གློད་པའི་དུས་ཚོད་དང་ཏག་ཏག་འཁེལ་བས། ཞི་ཅིན་ཕིང་ནས་ཉ་ཕྲུག་དང་སྡིག་ཕྲུག་བསྣམས་ཏེ་ཞིང་འགྲམ་གྱི་ཆུ་ཡུར་ནང་དུ་གློད་གནང་བ་རེད། ཞི་ཅིན་ཕིང་གིས། དེང་རབས་ཀྱི་ཁྱད་ལྡན་ཞིང་ལས་དང་རིག་གནས་ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་བར། ངེས་པར་དུ་མི་དམངས་ལྟེ་བར་བྱས་པའི་གོང་འཕེལ་བསམ་བློ་ལག་ལེན་བསྟར་དགོས་པ་དང་། ཞིང་པའི་བྱེད་པོའི་གནས་བབ་འབུར་དུ་ཐོན་པ་བྱེད་པ་བརྒྱུད། ཞིང་པའི་ཁེ་ཕན་ལ་འགན་སྲུང་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས། སྔར་བས་ཕུགས་ཕན་གྱི་ཁེ་ཕན་མཉམ་འབྲེལ་སྒྲིག་གཞི་འཚོལ་ཞིབ་དང་འཛུགས་སྐྱོང་བྱས་ནས། ཡུལ་མི་ཚོར་རྒྱུན་མཐུད་ངང་ཁེ་ཕན་ཐོབ་རྒྱུར་འགན་ལེན་བྱེད་དགོས། འབྲས་དང་ཆུའི་བར་གྱི་འགལ་ཟླ་སེལ་རྒྱུར་དོ་སྣང་བྱེད་པ་དང་། ཆུ་གྲོན་ཆུང་བྱེད་པའི་ལག་རྩལ་བེད་སྤྱོད་བྱེད་པ། ཆུ་གྲོན་ཆུང་རང་བཞིན་དང་ཟུར་སྣོན་རིན་ཐང་མཐོ་བའི་འདེབས་གསོའི་ལས་རིགས་གོང་འཕེལ་ཧུར་ཐག་གཏོང་བ། རྨ་ཆུའི་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་ལེགས་པོ་བཅས་བྱ་དགོས། མིག་སྔར། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་བརྟན་པོའི་ངང་ལེགས་སུ་འགྲོ་བཞིན་ཡོད་པས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་ཆབས་ཅིག སྤྱི་ཚོགས་ཧྲིལ་པོའི་ཐོན་སྐྱེད་འཚོ་བའི་རྒྱུན་ལྡན་སྒྲིག་ལམ་མགྱོགས་མྱུར་ངང་སླར་གསོ་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

     ཞི་ཅིན་ཕིང་གིས་ཧེ་ལན་ཧྲན་རི་བོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད། ཁོང་གིས། དབྱིན་ཁྲོན་གྲོང་ཁྱེར་ཞི་ཞ་ཁུལ་ཡོན་ཧྲེ་ཅིའུ་ཀྲོང་རྒུན་འབྲུམ་གསོ་འདེབས་རྟེན་གཞི་ནས། བརྗིད་ཉམས་ལྡན་པའི་ཧེ་ལན་ཧྲན་རི་བོར་རྒྱང་གཟིགས་གནང་བ་དང་། ཧེ་ལན་ཧྲན་རི་བོའི་འབྱུང་ཁམས་སྲུང་སྐྱོབ་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཐད་ཀྱི་གནས་ཚུལ་སྙན་སེང་ཞུས་པར་གསན་ཡོད། ཞི་ཅིན་ཕིང་གིས། ཧེ་ལན་ཧྲན་རི་བོ་ནི་རང་རྒྱལ་གྱི་གཙོ་གནད་རང་བྱུང་ས་གཤིས་དབྱེ་མཚམས་དང་ནུབ་བྱང་རྒྱུད་ཀྱི་གཙོ་གནད་འབྱུང་ཁམས་བདེ་འཇགས་སྲུང་ར་ཡིན་པས། ནུབ་བྱང་དང་ཐ་ན་རྨ་ཆུ་དང་ཧོའེ་ཧེ་ཆུ་བོ་རྒྱུག་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་དང་འབྱུང་ཁམས་ཆགས་ཚུལ་དང་འབྲེལ་བ་ཆེ་བ་དང་། ནུབ་བྱང་དང་ཧྭ་བྱང་ས་ཁུལ་གྱི་འབྱུང་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། མཐོ་རིམ་ཇུས་འགོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་དོན་འཁྱོལ་བྱ་རྒྱུར་དམ་འཛིན། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱིས། ཧེ་ལན་ཧྲན་རི་བོའི་འབྱུང་ཁམས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་དགོས་ཞེས་བསྟན་གནང་ཡོད།

     རྒུན་འབྲུམ་འདེབས་འཛུགས་གླིང་དུ། ཞི་ཅིན་ཕིང་གིས་ལས་དོན་སྒྲུབ་བཞིན་པའི་བཟོ་པ་དང་ལག་རྩལ་མི་སྣ་དང་སྤེལ་རེས་གནང་ནས། རྒུན་འབྲུམ་འདེབས་འཛུགས་ལག་རྩལ་དང་། ཐོན་རྫས་ཕྱིར་འཚོང་། དེ་བཞིན་ཡོང་སྒོ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཧེ་ལན་ཧྲན་རི་བོའི་ཤར་འདབས་སུ་ཉི་འོད་དྲོ་ཞིང་འཇམ་པ་དང་། ཆུ་གཏོང་རྒྱུ་སྟབས་བདེ་བས། རྒུན་འབྲུམ་འདེབས་འཛུགས་བྱ་རྒྱུར་འཚམ་པོ་ཡོད། ཞི་ཅིན་ཕིང་གིས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་སུ་ཟམ་མི་ཆད་པར་འགྲོ་བ་དང་བསྟུན་ནས། རྒུན་འབྲུམ་ཨ་རག་ཐོན་ལས་ལ་མདུན་ལྗོངས་རྒྱ་ཆེན་པོ་ཡོད།  ཉིང་ཞ་ཡིས་རྒུན་འབྲུམ་ཨ་རག་ཐོན་ལས་དང་རྨ་ཆུའི་འགྲམ་ངོགས་ཀྱི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འབྱུང་ཁམས་བསྐྱར་གསོ་ཡོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་གཉིས་ཟུང་འབྲེལ་བྱེད་པ་དང་། ལག་རྩལ་ཆུ་ཚད་མཐོ་རུ་གཏོང་བ། རིག་གནས་ཀྱི་ནང་དོན་མང་དུ་གཏོང་བ། དྲིལ་བསྒྲགས་དང་འོས་སྦྱོར་ངོ་སྤྲོད་ལ་ཤུགས་སྣོན་རྒྱག་པ། རང་ཉིད་ཀྱི་གྲགས་ཅན་ཚོང་རྟགས་གཏོད་པ། ཞོར་ཐོན་རིན་ཐང་འཕར་མ་དང་ཕྱོགས་བསྡུས་ཕན་འབྲས་ལེགས་སུ་གཏོང་བ་བཅས་བྱ་དགོས་ཞེས་ནན་གསུངས་གནང་ཡོད།

     སྤྱི་ཚེས་10ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་ཞུས་པ་གསན་པ་དང་། ཉིང་ཞ་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཡོད། ཉིང་ཞ་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་བ་དང་། ལས་དོན་དམ་འཛིན་དངོས་སྒྲུབ་བྱས་ཏེ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བའི་ཐུགས་རེ་གནང་ཡོད།

     ཞི་ཅིན་ཕིང་གིས། སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་བརྗེ་སྒྱུར་མགྱོགས་སུ་གཏོང་བ། ཐོན་ལས་བརྗེ་སྒྱུར་རིམ་འཕར་མགྱོགས་སུ་གཏོང་བ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་འབོར་ཚད་ལུགས་མཐུན་འཕར་སྣོན་དང་སྤུས་ཚད་བརྟན་པོའི་ངང་ལེགས་གཏོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱི་དཔྱ་ཁྲལ་ཁུར་པོ་ཡང་དུ་གཏོང་བའི་སྲིད་ཇུས་ལག་ལེན་ངོ་མ་ཐུབ་པ་བྱས་ཏེ། ནང་མཁོ་རྒྱ་ཆེར་གཏོང་བའི་སྲིད་ཇུས་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་། རྣམ་གྲངས་ཆེ་གྲས་ཀྱི་མ་འཇོག་བྱེད་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། ཁེ་ལས་ཀྱི་ཐོན་སྐྱེད་དང་ལས་གཉེར་སླར་གསོ་བྱེད་པར་འཕྲད་པའི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་འཕེལ་ཕྱོགས་དེ་ཁོང་དུ་ཆུད་པ་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་གཙོ་ཐིག་ཏུ་བཟུང་བ། ཐོན་སྐྱེད་དང་། བགོ་འགྲེམ། འགྲོ་རྒྱུག འཛད་སྤྱོད་བཅས་ཀྱི་ལྷུ་ཚིགས་ཁག་ཤར་གཏོང་བྱེད་པ། གསར་སྐྲུན་གྱི་སྐུལ་སྤེལ་ནུས་པ་འདོན་སྤེལ་བྱེད་པ། ཐོན་ལས་རྩེར་སོན་ཅན་དང་། སྔོ་ལྗང་ཅན། རིག་ནུས་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། དེང་རབས་ཞིང་ལས་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག ལས་གཉེར་མ་ལག་བཅས་གང་མགྱོགས་བསྐྲུན་པ་བརྒྱུད། ཉིང་ཞ་ཡི་ཁྱད་ལྡན་ཞིང་ཐོན་རྫས་དེ་བས་མང་བ་ཁྲོམ་རར་བསྐྱོད་ཐུབ་པ་བྱ་དགོས་ཞེས་ནན་གསུངས་གནང་ཡོད།

     ཞི་ཅིན་ཕིང་གིས། སྒྱུར་བཅོས་སྒོ་དབྱེར་འགག་གཏོར་གསར་པ་ཡོང་བར་སྐུལ་འདེད་གཏོང་བ་དང་། གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱེད་པ། དམིགས་ས་ཡོད་པའི་སྒོ་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་བྱ་ཐབས་ལ་དཔྱད་དཔོག་དང་ཕན་འབྲས་གང་འདྲ་བྱུང་མིན་རྩད་གཅོད་བྱེད་པར་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་ལས་དོན་ཁག་གཏིང་ཟབ་པ་དང་དངོས་སྒྲུབ་ཕྱོགས་སུ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ། འགྲན་རྩོད་རྩེ་གྲ་ལྡན་པའི་ཁྲོམ་ར་གསོ་སྤེལ་བྱེད་མགྱོགས་སུ་གཏོང་བ། རིགས་ཁག་གི་ཁྲོམ་རའི་གཙོ་གཟུགས་ཀྱི་གསོན་ཤུགས་སྐུལ་སྤེལ་ཟམ་མི་ཆད་པར་བྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གོ་སྐབས་གལ་ཆེན་དམ་བཟུང་བྱེད་པ། ནང་ངོས་སུ་སྒོ་དབྱེ་དང་ཕྱི་ཕྱོགས་སུ་སྒོ་དབྱེ་བྱ་རྒྱུ་གཉིས་ཟུང་འབྲེལ་བྱེད་པ། སྒོ་དབྱེའི་རང་བཞིན་གྱི་དཔལ་འབྱོར་གཙོ་གཟུགས་སྐྱེད་སྲིང་བྱེད་པ། སྒོ་དབྱེའི་རྣམ་པའི་དཔལ་འབྱོར་ཁོར་ཡུག་གཏོད་པ། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་ཐོག་ནས་སྤུས་ཚད་དེ་བས་ལེགས་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།

     ཞི་ཅིན་ཕིང་གིས། དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པར་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ལ་དམིགས་པ་དང་། འབུར་ཐོན་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་པ། ངར་ཤུགས་གཅིག་སྒྲིམ་དང་དམག་འཐབ་ལ་བརྟེན་ནས། དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུ་འགན་ལེན་བྱེད་དགོས། གནས་སྤོས་ཡུལ་མིའི་གནས་སྤོའི་ཟུར་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་ནས། གནས་སྤོས་མང་ཚོགས་གནས་སྤོ་ཐུབ་པ་དང་། གནས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་འགན་ལེན་བྱེད་དགོས། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བར་ད་ཡོད་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་བྱས་ཏེ་ཁྱོན་ཡོངས་ནས་དབུལ་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

     ཞི་ཅིན་ཕིང་གིས། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་རི་དང་། ཆུ་བོ། ནགས་ཚལ། ས་ཞིང་། མཚེའུ། རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྒྱལ་ཁོངས་ས་ཆའི་བར་ཁམས་གསར་སྤེལ་གྱི་གནས་སྟངས་ལེགས་སུ་གཏོང་བ། གནམ་སྔོན་པོ་དང་། ཆུ་དྭངས་མ། ས་གཙང་མ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་ནས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས། རྨ་ཆུ་ཡུན་རིང་བདེ་འཁོད་ཡོང་བར་འགན་སྲུང་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། ཆུ་ལམ་དང་གྲམ་ཐང་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལག་བསྟར་དང་། ངོགས་གཉིས་ཀྱི་ཆུ་རགས་དང་། ཆུ་ལམ་ཚོད་འཛིན་དང་ཁྲིད་སྟོན། གྲམ་ཐང་བཅོས་སྐྱོང་བཅས་ཀྱི་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་གཏོང་བ། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། སྣོད་བཅུད་སྲུང་སྐྱོང་སླར་གསོ་དང་ཁོར་ཡུག་བཅོས་སྒྲིག་ལ་གཅིག་གྱུར་སྐུལ་འདེད་གཏོང་བ། རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་བཏོན་གནང་ཡོད།

     ཞི་ཅིན་ཕིང་གིས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཏེ་ལས་བྲལ་ལས་ཤོར་མི་སྣ་དང་། མཐོ་སློབ་སློབ་ཐོན་སློབ་མ། ཞིང་པ་ལས་མི། དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་རྒྱ་ཆེར་སྤེལ་བ་བཅས་བྱ་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། དམངས་དོན་ཁྲིམས་གཞུང་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་ཞེས་ནན་སྟོན་གནང་ཡོད།

     ཞི་ཅིན་ཕིང་གིས། འགྱུར་མེད་ཀྱི་ཕུགས་བསམ་འདུ་ཤེས་ནི་ནམ་ཡིན་ཡང་ང་ཚོས་དཔར་ངར་ཆེན་པོས་མདུན་སྐྱོད་བྱེད་པ་དང་། དཀའ་ངལ་ཁྱད་བསད་བྱེད་ཐུབ་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་ཡིན། ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་ཡིད་ལ་བརྟན་པོར་ངེས་ནས། ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་དང་ཆབ་སྲིད་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་བྱེད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུར་གཡོ་འགུལ་མི་ཐེབས་པ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་རྒྱུར་གཡོ་འགུལ་མི་ཐེབས་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བརྗིད་ཆེའི་དམིགས་འབེན་རྒྱུན་འཁྱོངས་དང་མངོན་འགྱུར་ཡོང་རྒྱུར་གཡོ་འགུལ་མི་ཐེབས་པ་བཅས་བྱས་ནས། བློ་རྩ་བརྟན་པོའི་སྒོ་ནས་གསར་བརྗེ་པ་རྒན་གྲས་ཀྱིས་འབད་འཐབ་བྱེད་པའི་རླབས་ཆེའི་བྱ་གཞག་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།  རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པས་འབད་འཐབ་ཀྱི་སྙིང་སྟོབས་སྐུལ་སློང་བྱས་ནས། སྤྱོད་གོ་ཆོད་པའི་བྱ་ཐབས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་ཡག་པོ་བྱེད་པ་དང་། སྒྱུར་བཅོས་དང་གོང་འཕེལ་བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས། མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་དེ་སྲིད་དོན་གྲུབ་འབྲས་གལ་ཆེན་ཞིག་ཏུ་བརྩིས་ནས། ལས་བྱེད་པས་འགན་འཁུར་ཕོད་པར་སྐུལ་འདེད་གཏོང་བའི་སྒྲིག་གཞི་འཐུས་ཚང་འཛུགས་པ་དང་། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། རྒྱུན་བསྲིངས་ལྷོད་མེད་ངང་སྒྲིག་ཁྲིམས་ནན་སྲུང་བྱས་ནས། རུལ་སུངས་བྱེད་མི་ནུས་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། སྤྱོད་གཙང་གཞུང་དྲང་གི་ལས་གཏོད་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་བསྟན་གནང་ཡོད་པ་རེད།

     ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཁྲེན་ཞི། ཧོ་ལི་ཧྥེང་དང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1