འདམ་གཞུང་རྫོང་གསེར་ལྡེ་གྲོང་ཚོར་པེ་ཅིང་གི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་རུ་ཁག་འབྱོར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-12


     ཉེ་ཆར་ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་དོན་ཁང་གིས་པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་དང་མཉམ་དུ་དབུལ་སྐྱོར་གྱི་འོས་འགན་སྨན་བཅོས་བྱེད་སྒོ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གསེར་ལྡེ་གྲོང་ཚོར་སྤེལ་བ་རེད། འོས་འགན་སྨན་བཅོས་བྱེད་སྒོའི་ཉིན་དེར་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་ཁྱོན་མི་ཐེངས་300ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་རིན་ཐང་སྒོར་ཁྲི་ལྷག་གི་སྨན་སྤྲད་པ་རེད།
     ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་མཚོ་ཤང་གསེར་ལྡེ་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་གནས་ཡོད་ཅིང་། ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་240ལྷག་ཙམ་ཡོད་པ་དང་འདམ་གཞུང་རྫོང་གྲོང་དང་བར་ཐག་སྤྱི་ལེ་68ཡོད། ཆ་སྙོམས་ས་བབ་མཐོ་ཚད་སྨི་4780ཟིན་པ་དང་ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་གསོ་རླུང་དཀོན་པས་འབྲོག་པ་མང་ཚོགས་ལ་ས་མཐོའི་ནད་མང་པོ་ཕོག་ཡོད།
     པེ་ཅིང་གི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་18གྲོང་ཚོར་འབྱོར་མ་ཐག གྲོང་མི་རྣམས་ཀྱིས་བསྐོར་ནས། སྨན་བཅོས་སྟེགས་བུ་ཚང་མའི་མདུན་དུ་བང་རིང་པོ་བསྒྲིགས་ཡོད། བོད་སྐྱོར་སྨན་པས་མང་ཚོགས་ལ་ནད་གཞི་བརྟག་དཔྱད་དང་། སྨན་ཐོ་འབྲི་བ། སྨན་རྫས་སྤྲོད་པ་བཅས་ནན་ཏན་ངང་བྱས་པ་དང་འབྲེལ་ངང་རྒྱུད་རིང་པོའི་སྒོ་ནས་སྨན་བཟའ་སྟངས་དང་འཛེམ་བྱར་དོ་སྣང་བྱེད་དགོས་པའི་དོན་ཚན་བརྗོད།
     གསེར་ལྡེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དཔལ་ལྡན་བཀྲ་ཤིས་ཀྱིས“གསེར་ལྡེ་གྲོང་ཚོ་ནི་ས་བབ་མཐོ་བ་དང་ཐག་རིང་ལུང་ཁུག་ཏུ་གནས་ཡོད་པའི་དབང་གིས། མང་ཚོགས་མང་པོ་ཞིག་ལ་ཁྲག་ཤེད་མཐོ་བའི་ནད་དང་ཕོ་བའི་ནད་སོགས་ཡོད་ཀྱང་སྨན་བཅོས་ཀྱི་ཆ་རྐྱེན་ཅུང་སྟབས་བདེ་མེད་པ་རེད། པེ་ཅིང་གི་རིགས་གཅིག་མཁས་ཅན་གྲོང་ཚོར་ཡོང་ནས་མང་ཚོགས་ལ་སྨན་ཡོན་མི་དགོས་པར་སྨན་བཅོས་བྱེད་པ་ནི་ང་ཚོ་ས་མཐོའི་འབྲོག་ཁུལ་མང་ཚོགས་ཀྱི་བདེ་ཐང་ལ་གཟིགས་སྐྱོང་ཆེན་པོ་བྱེད་པ་ཞིག་རེད”ཅེས་བརྗོད།
     གྲོང་མི་མགོན་པོ་ཡོན་ཏན་གྱིས“ང་ལ་ལོ་མང་རིང་གྲུམ་བུའི་ནད་ཕོག་ཡོད། རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་ཁབ་བཙའ་བརྒྱབ་རྗེས་དྲག་སྐྱེད་བྱུང་བའི་ཚོར་སྣང་ཞིག་བྱུང་། རང་ཁྱིམ་གྱི་སྒོ་འགྲམ་དུ་པེ་ཅིང་གི་རིགས་གཅིག་མཁས་ཅན་གྱིས་སྨན་རིན་མི་དགོས་པར་སྨན་བཅོས་བྱས་པ་ནི་དངོས་གནས་བསོད་ནམས་རེད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད།
     ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་པེ་ཅིང་གི་བོད་སྐྱོར་ལས་བྱེད་པས་ད་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཡིན་ཞིང་། པེ་ཅིང་གི་བོད་སྐྱོར་སྨན་བཅོས་རུ་ཁག་སྒྲིག་འཛུགས་བྱས་ནས་ས་བབ་མཐོ་བའི་ཐག་རིང་འབྲོག་ཁུལ་གྱི་གསེར་ལྡེ་གྲོང་ཚོར་བསྐྱོད་ནས། འབྲོག་པ་མང་ཚོགས་ཀྱི་སྒོ་འགྲམ་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་ནི་པེ་ཅིང་གི་བོད་སྐྱོར་བཀོད་འདོམས་པུའི་འདུ་འགོད་ཆེན་པོ་ལྔ་ཡི“ཚོགས་སྒྲིག་འདུ་འགོད”ཀྱི་བཀོད་སྒྲིག་གཞིར་བཟུང་པེ་ཅིང་གི་བོད་སྐྱོར་སྨན་བཅོས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས། བདེ་ཐང་དབུལ་སྐྱོར་གཏིང་ཟབ་སྤེལ་ཏེ་ནད་གཞིས་རྐྱེན་པས་བསྐྱར་དུ་དབུལ་པོར་འགྱུར་རྒྱུ་སྔོན་འགོག་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཆེད་དུ་ཡིན་ཞེས་བརྗོད།
     ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གསར་པས་ལྷ་སར་ལས་ཀ་བྱས་ནས་ལོ་གཅིག་ཙམ་སོང་རིང་པེ་ཅིང་བོད་སྐྱོར་བཀོད་འདོམས་པུའི་བཀོད་སྒྲིག་ལྟར། ལྷ་ས་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རོགས་རམ་བྱས་ཡོད་ལ། ཁ་གཏད་རོགས་སྐྱོར་གྱི་སྨན་ཁང་ལ་སྨན་བཅོས་རོགས་རམ་བྱས་པ་དང་དུས་མཚུངས་ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གི་གྲོང་ཚོ་དབུལ་པོ་དང་། གྲོང་མིའི་སྡེ་ཁུལ། དགོན་སྡེ། ལས་ཁུངས་སོགས་སུ་བསྐྱོད་དེ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ནས། ལས་བྱེད་པ་དང་མང་ཚོགས་ལ་སྨན་བཅོས་དང་སྨན་རྫས་བསྐྱལ་བ་རེད། གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གིས་པེ་ཅིང་བོད་སྐྱོར་སྨན་བཅོས་རུ་ཁག་དང་མཉམ་དུ་ཐག་རིང་ལུང་ཁུག་གི་གྲོང་ཚོ་དབུལ་པོར་བདེ་ཐང་དབུལ་སྐྱོར་བྱེད་པར་བསྐྱོད་དེ་དབུལ་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1