ལི་ཁེ་ཆང་དང་འཇར་མན་གྱི་ཙུང་ལིས་བརྙན་མཐོང་མཇལ་མོལ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-12


        འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་བརྙན་མཐོང་མཇལ་མོལ་གནང་བ་རེད།
        ལི་ཁེ་ཆང་གིས། ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཀྲུང་འཇར་བར་གྱི་འགྲོ་འོང་དང་མཉམ་ལས་ལ་བརྡབ་གསིག་ཕོག་མོད། འོན་ཀྱང་ཕྱོགས་གཉིས་པོའི་མཉམ་ལས་མཚམས་འཇོག་བྱེད་མྱོང་མེད་པར་མུ་མཐུད་གོང་འཕེལ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་འཇར་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། མི་རིང་བའི་གོང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཉིད་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕན་ཚུན་བརྩི་བཀུར་དང་། འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་འཇར་མན་ཕྱོགས་དང་མཉམ་ལས་གཏིང་ཟབ་བྱེད་པ་དང་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་བྱས་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་དང་། ཀྲུང་འཇར་འབྲེལ་བར་འཕེལ་རིམ་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
        ལི་ཁེ་ཆང་གིས་ཕ་རོལ་ནས་བཀའ་འདྲི་ཞུས་པ་ལྟར། ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། འཇར་མན་ཕྱོགས་དང་རིམས་འགོག་མཉམ་ལས་གཏིང་ཟབ་བྱེད་འདོད་པ་ཅེས་བསྟན་གནང་ཡོད།
        ལི་ཁེ་ཆང་གིས། རིམས་ནད་ལས་སྒྲོལ་རྗེས་དཔལ་འབྱོར་སླར་གསོ་དང་གོང་འཕེལ་གཏོང་དགོས་པས། ཀྲུང་འཇར་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་། ཉོ་ཚོང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་མིག་སྔར་སྒོ་དབྱེ་རྒྱ་བསྐྱེད་བཏང་ནས། རྒྱལ་ཁབ་ཁག་གི་ཁེ་ལས་ནས་ཀྲུང་གོར་མ་འཇོག་བྱ་རྒྱུར་ཁོར་ཡུག་ལེགས་པོ་ཞིག་གཏོད་འདོད་ཡོད། ཀྲུང་འཇར་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་སྒོ་དབྱེ་རྒྱ་བསྐྱེད་གཏོང་བ་དང་། སྒོ་མོ་ཕྱེ་ཟིན་པའི་མི་སྣའི་འགྲོ་འོང་གི་སྟབས་བདེ་སྤྱད་ནས། ཁེ་ལས་བར་གྱི་མཉམ་ལས་དང་། ལས་སྒོ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྟབས་བདེ་བསྐྲུན་རྒྱུ་དང་། ཐུན་མོང་ཐོག་ཐོན་ལས་སྦྲེལ་ཐག་བདེ་འཇགས་དང་བརྟན་ལྷིང་ཐུབ་རྒྱུར་འགན་སྲུང་བྱེད་དགོས་ཞེས་བསྟན་གནང་ཡོད།
        ལི་ཁེ་ཆང་གིས། ཀྲུང་གོས་སྔ་བར་ཕྱི་གསུམ་དུ་ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པ་དང་། ཡོ་རོབ་མནའ་འབྲེལ་གྱིས་མཐུན་སྒྲིལ་དང་དར་རྒྱས་རྒྱུན་འཁྱོངས་ཐུབ་རྒྱུ་མཐོང་འདོད་ཆེན་པོ་ཡོད། ཀྲུང་འཇར་དང་། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱིས་སྒོ་དབྱེ་མཉམ་ལས་བྱེད་པ་དེ་ཁེ་ཕན་ཁོ་ནའི་ཆེད་དུ་མིན་པར། དེ་ནི་ཕྱོགས་གཉིས་པོའི་ཐུན་མོང་ཁེ་ཕན་དང་འཚམ་པ་ཞིག་ཡིན་པས། གཉིས་ཕན་མང་རྒྱལ་མངོན་འགྱུར་ཐུབ་ཀྱི་ཡོད། འཇར་མན་ནས་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་གྱི་འགན་ཁུར་རྒྱུ་ཡིན་པས། འཇར་མན་གྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་རེ་བྱེད་བཞིན་ཡོད། ང་ཚོས་ཡོ་རོབ་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། སྔ་ཙམ་ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་ཆོད་གྲོས་མོལ་འཇོག་ཐུབ་རྒྱུར་བརྩོན་ལེན་བྱས་ནས། ཐུན་མོང་གོང་འཕེལ་ཡོང་རེ་བྱེད་བཞིན་ཡོད་ཅེས་བསྟན་གནང་ཡོད།
        མོ་ཁེར་གྱིས། འཇར་ཀྲུང་བར་གྱི་མཐོ་རིམ་སྤེལ་རེས་དམ་ཟབ་ཡོད་ཅིང་། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་མཉམ་ལས་ལེགས་པོ་བྱས་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་འཁྱོངས་བྱས་ནས། འཇར་ཀྲུང་བར་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན། འཇར་ཀྲུང་རྒྱལ་ཁབ་གཉིས་ཀས་ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་བྱ་དོན་ཁྲོད་ཀྱི་སྤེལ་རེས་དང་མཐུན་སྦྱོར་དམ་ཟབ་བྱེད་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཡོ་རོབ་དང་ཀྲུང་གོའི་མཐོ་རིམ་འགྲོ་འོང་གྲབས་གཉེར་བྱེད་པ་དང་། ཡོ་རོབ་དང་ཀྲུང་གོའི་བར་གྱི་མ་འཇོག་གྲོས་ཆོད་གྲོས་མོལ་གང་མགྱོགས་བཞག་ནས། འཇར་ཀྲུང་དང་། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་བར་གྱི་འབྲེལ་བ་གོང་འཕེལ་སྔར་བས་ལེགས་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
        བརྙན་མཐོང་མཇལ་མོལ་མ་གནང་གོང་། ཕྱོགས་གཉིས་པོས་རླངས་འཁོར་དང་། འབར་རླངས་འཕྲུལ་འཁོར་ཆེ་གྲས་ཀྱི་ཚོད་ལྟ་ས་ཚིགས། མི་སྣའི་སྦྱོང་བརྡར་སོགས་ཕྱོགས་གཉིས་མཉམ་ལས་ཡིག་ཆར་དྲ་ཐོག་ནས་མཚན་རྟགས་བཀོད་པའི་མཛད་སྒོ་གཉེར་ཡོད། ཝང་དབྱིས་དང་། ཧེ་ལེ་ཧྥེང་མཇལ་མོལ་ནང་ཞུགས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1