༄༅།།སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་སློབ་གསོའི་འཕེལ་རིམ་ལས་འཕྲོས་པའི་གཏམ་གླེང་།

གཅོད་པ་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-12



མཚོ་ལྷོ། གཅོད་པ་སྐྱིད།
        ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་དང་སྤྱི་ཚོགས་ཀྱི་རྣམ་པ་མི་འདྲ་བར་སློབ་གསོའི་གནས་སྟངས་དང་འཕེལ་རྒྱས་ཀྱི་རྣམ་པ་ཡང་མི་འདྲ་བ་རེ་ཆགས་ངེས་རེད། སྐད་ཡིག་སློབ་གསོ་ཡང་དེ་ལས་མ་འདས། ང་ཚོ་བོད་ཀྱི་སྐད་ཡིག་སློབ་གསོའི་མ་ལག་འདི་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས་སུ་འགྲོ་བའི་ཀྱག་ཀྱོག་གི་འགྲོས་རིམ་རིང་མོར་ཞིབ་ཏུ་བལྟས་ཚེ། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་ལ་སྐད་ཡིག་བསླབ་དེབ་ཀྱི་སྒྲིག་སྟངས་དང་སྐད་ཡིག་སློབ་ཁྲིད་ཀྱི་ནང་དོན་ཐུན་མོང་མ་ཡིན་པ་རེ་ཆགས་ཡོད་པ་རེད། དེ་དང་འབྲེལ་ནས་འདིར་རྨོངས་ཚོད་ཀྱིས་སྐད་ཡིག་སློབ་ཁྲིད་ཀྱི་ནང་དོན་དང་རྣམ་པའི་ཆ་ནས་གླེང་བར་འདོད་དེ། ཆབ་སྲིད་སློབ་གསོ་གཙོ་བའི་སྐད་ཡིག་སྔ་དར་དང་། རྨང་གཞིའི་ཤེས་བྱ་བརྒྱུད་སྤེལ་གཙོ་བོའི་སྐད་ཡིག་བར་དར། ནུས་པ་སྦྱོང་བརྡར་གཙོ་བའི་སྐད་ཡིག་ཕྱི་དར་གསུམ་དུ་བསྡུས་ཆོག་པར་སྙམ།
        དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པ་ནས་བདུན་ཅུ་པའི་སྐབས་ཏག་ཏག་ཏུ་རང་རྒྱལ་གྱི་སློབ་གྲྭ་ཆུང་འབྲིང་གི་བསླབ་ཚན་སློབ་ཁྲིད་དེ་ཆབ་སྲིད་བསམ་བློའི་སློབ་གསོ་གཙོ་བའི་རྣམ་པར་ཆགས་ནས་ཡོད་ལ། རྨང་གཞིའི་བསླབ་ཚན་གང་ཡིན་ཡང་ཆབ་སྲིད་བསམ་བློའི་སློབ་གསོ་དེ་སློབ་ཁྲིད་བྱ་བའི་ནང་དོན་གཙོ་བོ་དང་འབབ་ས་ཉག་གཅིག་ཡིན་ཞིང་འབྲེལ་ཡོད་ཀྱི་རྨང་གཞིའི་ཤེས་བྱ་ཁོང་དུ་ཆུད་པ་བྱ་རྒྱུ་དང་འབྲེལ་ཡོད་ཀྱི་ནུས་པ་སྦྱོང་བརྡར་བྱ་རྒྱུ་སློབ་ཁྲིད་ཀྱི་ནང་དོན་དུ་ཚུད་མི་འདུག་སྟེ། སློབ་ཁྲིད་ཀྱི་གོ་རིམ་ཧྲིལ་པོར་ཆབ་སྲིད་བསམ་བློའི་སློབ་གསོ་གཙོ་གནད་དུ་བཟུང་ཡོད། གཞན་སྐབས་དེ་དུས་ཀྱི་སློབ་གསོའི་རྩ་དོན་དུ་ཡང“སློབ་གསོ་ངེས་པར་དུ་འབྱོར་མེད་གྲལ་རིམ་གྱི་ཆབ་སྲིད་ལ་ཞབས་འདེགས་ཞུས་ནས་ཐོན་སྐྱེད་ངལ་རྩོལ་དང་ཟུང་འབྲེལ་གང་ལེགས་བྱ་དགོས”པར་གཏན་འཁེལ་བྱས་ཡོད། སྐབས་དེ་དུས་ཀྱི་ཆབ་སྲིད་ཅེས་པ་ཡང་དོན་དུ་གྲལ་རིམ་འཐབ་རྩོད་ལ་བཤད་པ་ཡིན་ཞིང་ཐོན་སྐྱེད་ངལ་རྩོལ་ཞེས་པ་ཡང་བཟོ་ཞིང་དམག་དོན་སོགས་ཙམ་ལ་གོ་བ་ལས་སྤྱི་ཚོགས་ལག་ལེན་ལ་གོ་བ་ལེན་གྱི་མི་འདུག ལོ་རྒྱུས་ཀྱི་དུས་རིམ་དེར་སློབ་གསོ་མ་ཟད། སྤྱི་ཚོགས་ཀྱི་བྱེད་སྒོ་ཐམས་ཅད་ཀྱིས་ཆབ་སྲིད་བསམ་བློའི་སློབ་གསོ་དེ་སྲོག་ཤིང་དུ་འཛིན་གྱིན་ཡོད་པ་རེད། སྐབས་དེ་དུས་ཀྱི་སྐད་ཡིག་སློབ་ཁྲིད་ལ་མཚོན་ནས་བཤད་ནའང་ཆབ་སྲིད་བསམ་བློའི་སློབ་གསོ་ནི་སློབ་ཁྲིད་ཀྱི་དམིགས་ཡུལ་དང་རེ་འདུན་གཙོ་བོ་ཡིན་ལ། སློབ་ཁྲིད་ཀྱི་དཀའ་གནད་དང་གཙོ་གནད་ཀྱང་དེ་ལས་འདས་མེད་ཅིང་། དགེ་རྒན་གྱིས་སློབ་ཚན་ཞིག་སློབ་ཁྲིད་བྱེད་པར་ཡང་སློབ་ཚན་གྱི་བརྗོད་བྱའི་སྙིང་པོ་སྟེ་ཆབ་སྲིད་བསམ་བློའི་སློབ་གསོ་གཙོ་གནད་དུ་འཛིན་པ་ཙམ་ལས་སློབ་ཚན་གང་དེའི་ཚིག་གི་ཉམས་འདོན་ཚུལ་དང་བརྗོད་བྱའི་དོན་མཚོན་ཚུལ་སོགས་སློབ་ཁྲིད་ཀྱི་ནང་དོན་དུ་མི་བྱེད་ཅིང་། སློབ་མར་ཆབ་སྲིད་བསམ་བློའི་སློབ་གསོ་གནད་དུ་གཏོང་བ་ལས་སློབ་མའི་སྐད་ཆ་ཉན་བཤད་དང་ཡི་གེ་འབྲི་ཀློག་གི་ནུས་པ་བསྐྱེད་པ་ཡང་སློབ་ཁྲིད་ཀྱི་གཙོ་གནད་དུ་མི་བྱེད། སྐབས་དེ་དུས་ཀྱི་སྐད་ཡིག་སློབ་དེབ་ཏུ་བདམས་པའི་སློབ་ཚན་ཁག་ཀྱང་ཆབ་སྲིད་ཀྱི་དགོས་མཁོ་ཙམ་ལ་དམིགས་པ་ཤ་སྟག་ཡིན་འདུག་སྟེ། སློབ་དེབ་ཀྱི་མགོ་མཇུག་བར་གསུམ་དུ་འབྱོར་མེད་གྲལ་རིམ་གྱི་གསར་བརྗེའི་དགེ་མཚན་དང་གསར་བརྗེ་དཔའ་བོའི་ཆེ་བ་བརྗོད་པ། གསར་བརྗེ་དཔའ་བོའི་སྙིང་སྟོབས་ལ་རྗེས་སུ་ཡི་རང་བྱེད་པ་སོགས་ལྟ་བུ་ཁོ་ནས་ཁེབས་པར་བྱས་ཡོད། སློབ་ཁྲིད་ཀྱི་རྣམ་པ་འདི་བཅིངས་འགྲོལ་བྱས་པའི་ཚུན་ནས་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཡུན་གྱི་ལོ་ངོ་ཉི་ཤུ་ལྷག་གི་ཡུན་དུ་རྒྱུན་བསྐྱངས་པར་ངེས།
        བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚུན་དུ་ང་ཚོའི་བསམ་བློའི་གོ་རྟོགས་དང་འདུ་ཤེས་འཛིན་སྟངས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། ལྷག་པར་དུ་སློབ་གསོའི་སྒྲིག་གཞི་དང་རྣམ་པར་འཕེལ་རྒྱས་མངོན་གསལ་ཆགས་ཡོད་པ་རེད། སློབ་གསོ་བྱ་བའི་དངོས་ཡོད་ཀྱི་ལག་ལེན་ཁྲོད་རྨང་གཞི་ཤེས་བྱའི་བྱང་ཚད་གཞི་རྩར་འཛིན་པའི་ཚ་རླབས་ཤིག་འཕྱུར་ནས། བསླབ་ཚན་སློབ་ཁྲིད་ཀྱི་རྣམ་པ་དེ་དེ་སྔའི་ཆབ་སྲིད་བསམ་བློའི་སློབ་གསོ་གཙོ་བའི་རྣམ་པ་ནས་རྨང་གཞིའི་ཤེས་བྱ་གཙོ་བའི་རྣམ་པར་བར་བརྒལ་བྱས་པ་རེད། དུས་རིམ་འདིའི་སློབ་གསོའི་ལག་ལེན་ཁྲོད་དུ་དགེ་རྒན་གྱིས་སློབ་ཁྲིད་ཀྱི་ཐོག་མཐའ་བར་གསུམ་དུ་རྨང་གཞིའི་ཤེས་བྱ་བརྒྱུད་སྤེལ་བྱེད་པ་གནད་དུ་འཛིན་ལ། སློབ་མས་སློབ་གཉེར་གྱི་གོ་རིམ་ཧྲིལ་པོར་རྨང་གཞི་ཤེས་བྱའི་བྱང་ཚད་གནད་དུ་འཛིན། སྐད་ཡིག་བསླབ་ཚན་གྱི་ངོས་ཐད་ནས་བཤད་ན་སློབ་ཁྲིད་ཀྱི་དངོས་ཡོད་ལག་ལེན་ཁྲོད་དུ་ཡི་གེ་ངོས་འཛིན་དང་ཐ་སྙད་འབྲི་ཀློག་ནས་བརྩམས་ཏེ་སུམ་རྟགས་དག་གསུམ་དང་སྒྲ་ཚད་སྙན་ངག ལོ་རྒྱུས་དང་རྩོམ་འབྲིའི་རྒྱུན་ཤེས་སོགས་གཙོ་བྱས་ཏེ་སློབ་ཚན་གང་དེའི་ཐ་སྙད་ཀྱི་འགྲེལ་བཤད་དང་རྩོམ་པ་པོ་ངོ་སྤྲོད། ཚིག་རེ་རེ་དང་ཚན་པ་རེ་རེའི་བསྟན་དོན། བརྗོད་བྱ་དང་རྩོམ་སྟངས་ཀྱི་ཁྱད་ཆོས་སོགས་འབྲེལ་ཡོད་ཀྱི་རྨང་གཞིའི་ཤེས་བྱ་ཁོ་ན་ལུ་གུ་རྒྱུད་དུ་ཁྲིད་ཀྱིན་པ་མདོར་ན་སློབ་ཁྲིད་ནི་དགེ་རྒན་གྱིས་འཆར་གཞི་ཡོད་པ་དང་དམིགས་ཡུལ་ཡོད་པ། རྩ་འཛུགས་ཡོད་པའི་སྒོ་ནས་འབྲེལ་ཡོད་ཀྱི་རྨང་གཞིའི་ཤེས་བྱ་ཁོ་ན་ཁྲིད་རྐྱང་བྱེད་པའི་བྱ་འགུལ་ཙམ་ཞིག་སྟེ། རྨང་གཞིའི་ཤེས་བྱ་བརྒྱུད་སྤེལ་དང་སྲ་བརྟན་བྱེད་པ་སློབ་ཁྲིད་ཀྱི་ནང་དོན་དུ་བྱེད་ཅིང་། དཀའ་གནད་དང་གཙོ་གནད་དུ་བྱས་ཏེ་དགེ་རྒན་གྱིས་ཤེས་བྱ་ཁོ་ན་ཁྲིད་ཅིང་སློབ་མས་ཀྱང་ཤེས་བྱ་ཁོ་ན་སློབ་པ། རྒྱུགས་ཡང་ཤེས་བྱ་ཁོ་ན་ལེན་པའི་རྨང་གཞིའི་ཤེས་བྱ་བརྒྱུད་སྤེལ་གཙོ་བའི་སློབ་ཁྲིད་ཀྱི་རྣམ་པ་དེ་ཆགས་ཤིང་འཕེལ་བ་རེད།
        ཆེ་ས་ནས་བཤད་ན་དེང་གི་ཆར་འཛམ་གླིང་ཧྲིལ་པོའི་སློབ་གསོའི་གནས་སྟངས་དེ་ཤེས་བྱ་བརྒྱུད་སྤེལ་གཙོ་བའི་རྣམ་པ་ཅན་དང་ནུས་པ་སྦྱོང་བརྡར་གཙོ་བའི་རྣམ་པ་ཅན་གཉིས་ལ་མ་འདུས་པ་མེད། ནུབ་གླིང་གི་སྔོན་ཐོན་རྒྱལ་ཁབ་ཁག་དང་རྒྱལ་ནང་གི་སློབ་གསོ་འཕེལ་རྒྱས་ཆེ་བའི་ས་ཁུལ་ཁག་ཏུ་བྱིས་པའི་རྨང་གཞིའི་ནུས་པ་གནད་དུ་གསོ་སྐྱོང་བྱ་རྒྱུ་དེ་ཀུན་ལས་མཆོག་ཏུ་ལྟ་བ་རེད། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་སློབ་གསོ་བཅོས་བསྒྱུར་གྱི་བྱ་འགུལ་རབ་དང་རིམ་པར་སྤེལ་གྱིན་པ་སྟེ། སློབ་གསོ་མྱོང་མཁན་གྱི་རྨང་གཞིའི་ནུས་པ་སྐྱེད་སྲིང་བྱེད་པའི་ཕྱོགས་སུ་སྙེག་གིན་ཡོད་པ་རེད། 《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གསོ་གཏིང་ཟབ་བཅོས་བསྒྱུར་བྱས་ཏེ་ཕྱོགས་ཡོངས་ནས་སྤུས་མཚག་སློབ་གསོ་སྤེལ་བའི་ཆོད་དོན》དུ“སློབ་མའི་གསར་གཏོད་དང་ལག་ལེན་གྱི་ནུས་པ་གནད་དུ་སྐྱེད་སྲིང་བྱེད”པའི་དགོངས་འཆར་བཏོན་པ་ནས་སློབ་གསོའི་ཁྱབ་ཁོངས་སུ་བསླབ་ཚན་བཅོས་བསྒྱུར་གྱི་ལས་འགུལ་རྒྱ་ཆེར་སྤེལ་ནས“སློབ་མ་གཞི་རྩ”ཡིན་པའི་སློབ་གསོའི་སྒྲིག་གཞི་ཞིག་ངང་གིས་ཆགས་པའི་མགོ་ཚུགས་ཤིང་། ཆུང་འབྲིང་སློབ་གསོའི་དངོས་ཡོད་ཀྱི་ལག་ལེན་ཁྲོད་དུ་རྨང་གཞིའི་ཤེས་བྱ་བརྒྱུད་སྤེལ་གཙིགས་སུ་འཛིན་པའི་རྣམ་པ་ནས་སློབ་མའི་རྨང་གཞིའི་ནུས་པ་སྦྱོང་བརྡར་དང་གསོ་སྐྱོང་བྱས་ཏེ་ཕྱོགས་བསྡུས་སྤུས་མཚག་མཐོར་འདེགས་གཏོང་བའི་རྣམ་པར་ངང་གིས་འཕེལ་བའི་རྣམ་པ་ཆགས་པ་རེད། སྐད་ཡིག་བསླབ་ཚན་རང་ངོས་ནས་བཤད་ན་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་སློབ་མའི་འབྲི་ཀློག་འཆད་ཉན་གྱི་ནུས་པ་སྔོན་དུ་སོང་བའི་ལག་ལེན་དང་བཀོལ་སྤྱོད། བསམ་གཞིག་དང་དབྱེ་ཞིབ། སློབ་སྦྱོང་དང་འབྲེལ་འདྲིས་སོགས་ཀྱིས་མཚོན་པའི་རྨང་གཞིའི་ནུས་པ་སྐྱེད་སྲིང་གང་ལེགས་བྱས་ཏེ། སློབ་མའི་རྒྱུད་ལ་སྐད་ཡིག་གི་ནུས་པ་འཛོམས་པོ་ཞིག་ཆགས་པར་བྱེད་པའི་དགོས་པ་ཤིན་ཏུ་ཆེ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1