༄༅།།སྤྲིན་གྱི་ཡལ་སྟངས་སོགས་ལ་བལྟས་ནས་གནམ་གཤིས་བརྟག་ཚུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-12


        གནམ་དཀྱིལ་ནས་སྤྲིན་པ་གཞོགས་སུ་ཆད་དེ་དྭངས་པར་གྱུར་ན། རྒྱབ་ཀྱི་ཆུ་མི་སྐམ་ཞེས་ཡུན་རིང་པོར་ཆར་བ་བབས་ཏེ་གནམ་མི་དྭངས་པ་དང་། བྱང་ཕྱོགས་དང་སྟོད་ཕྱོགས་ནས་སྤྲིན་པ་རིམ་བཞིན་ཡལ་ནས་དྭངས་པར་གྱུར་ན། དེའང་གནམ་དྭངས་པའི་རྟགས་ཡིན་ལ་གཞན་ཡང་གནམ་དྭངས་ཆ་ཆེ་ན་འབབ་ཆ་ཆེ། ཞེས་ཆར་འབབ་པའི་སྐབས་སུ་སྨུག་པ་མི་འཐིབ་པར་གནམ་ས་ཀུན་ལ་དཀར་ཆ་ཆེ་ན་དེ་ནི་ཆར་གྱི་འབབ་ཤུགས་དྲག་ཏུ་འགྲོ་བ་དང་། ཆར་འབབ་མཚམས་མི་ཆད་པའི་སྔ་ལྟས་སུ་བཤད། དཔེར་ན་སྤྲིན་པ་ཤར་ལ་རྒྱུ་བ་ན། །ནམ་མཁའ་གཡའ་དག་ཆར་ཆུ་མེད། ། སྤྲིན་པ་ནུབ་ལ་རྒྱུ་བ་ན། ། ཆར་ཆུ་མོད་པ་ས་སྟེང་མེར། ། སྤྲིན་པ་ལྷོ་ལ་རྒྱུ་བ་ན། ། ཆུ་བོ་བྲུག་ནས་གྲུ་གཟིངས་སློག ། སྤྲིན་པ་བྱང་ལ་རྒྱུ་བ་ན། ། གྱོ་མོག་བསྲེགས་ནས་ཐལ་བར་གཏོང་། །ཞེས་པར་གཞིགས་ནས་གཏམ་དཔེ་དེའི་ནང་དུ་མཁའ་སྤྲིན་གྱི་རྒྱུ་ཕྱོགས་ལ་བརྟགས་ནས་གནམ་དྭངས་མིན་དང་ཆར་འབབ་མིན་སོགས་ཤེས་པ་རེད། དེ་ཡང་དམངས་ཁྲོད་ནས་སྤྲིན་ལ་བརྟག་ཚུལ་ནི་གཙོ་བོ་མཚམས་སྤྲིན། སྤྲིན་ནག སྤྲིན་དཀར། སྤྲིན་ཚོགས། སྤྲིན་རྐང་། སྤྲིན་འཇའ། སྤྲིན་ཆར། དེ་མིན་ད་དུང་སྤྲིན་པ་འཁྲིགས་པ། སྤྲིན་འཐོར་བ། སྤྲིན་གྱི་བང་རིམ་མཐོ་དམན་སོགས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་བརྟག་དཔྱད་བཏང་ནས་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ལ་བརྩོན་བཞིན་འདུག དེ་ཡང་འདིར་བརྗོད་པའི་གཏམ་དཔེ་ལ་མཚོན་ན་དེའི་བརྗོད་བྱ་ནི་སྤྲིན་པ་ཤར་ཕྱོགས་སུ་རྒྱུ་བ་ཡིན་ན་གནམ་དྭངས་མེད་ན་ཡང་ཆར་བ་མི་འབབ། སྤྲིན་པ་ནུབ་ཕྱོགས་སུ་རྒྱུ་བ་ཡིན་ན་ཆར་བ་འབབ་པའི་སྔ་ལྟས་ཡིན། སྤྲིན་པ་ལྷོ་ཕྱོགས་སུ་རྒྱུ་བ་ཡིན་ན་གནམ་དྭངས་ནས་ཉི་མ་འཆར་བའི་སྔ་ལྟས་ཡིན། སྤྲིན་པ་བྱང་ཕྱོགས་ལ་རྒྱུ་བ་ཡིན་ན། དྲག་ཆར་འབབ་པའི་སྔ་ལྟས་ཡིན། སྤྲིན་པ་བྱང་ཕྱོགས་སུ་རྒྱུ་བ་ཡིན་ན་གནམ་དྭངས་ནས་ཉི་མ་འཆར་བའི་སྔ་ལྟས་ཡིན་ནོ། །གཏམ་དཔེ་དེར་གཞིགས་ན་སྤྲིན་གྱི་འགྲོ་ཕྱོགས་ལ་བལྟས་ཏེ་གནམ་གཤིས་ཀྱི་བཟང་ངན་ཤེས་ཐུབ། གཞན་ཡང་གནམ་ལ་རྔ་མོང་ལྟ་བུའི་སྤྲིན་ཡོད་ན། སེར་བ་འབབ་པའི་སྔ་ལྟས་ཡིན་པའོ། །དེ་ཡང་འདིར་བརྗོད་པའི་རྔ་མོང་ལྟ་བུའི་སྤྲིན་ཞེས་པ་ནི་དོན་ལ་སེར་བ་འབབ་པའི་སྤྲིན་ལ་སེར་བ་ཡིན་ལ། དེའི་མདོག་ནག་པོ་ཡིན་ལ་ཆར་སྤྲིན་ལ་བོངས་ཆེ་ཞིང་ཆར་ཆུ་མང་པོ་འདུས། སྤྲིན་པ་དེ་དག་གི་གཟུགས་དབྱིབས་ལ་ཁ་ཐུར་དུ་བསྟན་པའི་སྡུད་མ(ཕྱགས་མ)འདྲ་བ་ཡིན་ལ།ལ་ལ་གཟི་བརྗིད་ཆེ་བའི་རི་ཚོགས་ལྟ་བུར་གནས་སོ། ། 《གནམ་གཤིས་ཀྱི་ཤེས་བྱ་རབ་གསལ་མེ་ལོང》ལས་བདམས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1