གཙོ་ངོས།>> གླིང་སྒྲུང་།>>རྗེས་ཤུལ།

འདན་འཇམ་དཔལ་གྱིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༡༢ཉིན།

༄༅།།ཚ་ཞང་འདན་མ་བྱང་ཁྲའི་ རྗེས་ཤུལ་བཙལ་བའི་ཟིན་བཀོད།


འདན་འཇམ་དཔལ་གྱིས་བྲིས་ཤིང་པར་བླངས།

        དེ་ཡང་། བོད་ཆོལ་ཁ་གསུམ་གྱི་ནང་ནས་མདོ་སྟོད་མིའི་ཆོལ་ཁ། མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་སྡེར་གཏོགས། གནས་ཆེན་པད་མ་ཤེལ་གྱི་སྤུངས་རིའི་ཤར་ངོས། འདན་མའི་བླ་རི་ཡུལ་ལྷ་གནས་པོ་གང་གང་རྒྱལ་པོ་དང་། གཉན་ཆེན་ཨ་མྱེ་སྤོམ་ཐི་གཉིས་ཀྱི་བར་དུ། འཕགས་ཡུལ་གྱི་དཔལ་གྲུབ་ཆེན་ས་ར་ཧ་ཡི་རྣམ་འཕྲུལ་དུ་གྲགས་པ། གླིང་གི་ཕུ་ནུ་སུམ་ཅུ་དང་། ཡང་ཐུལ་དམ་པའི་མི་བདུན། ཞེ་ཐུལ་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ། གླིང་རྗེ་གེ་སར་རྒྱལ་པོའི་བཀའ་ཡི་ནང་བློན་ཆེན་མོ་སྟེ། དཔའ་ཚ་ཞང་འདན་མ་བྱང་ཁྲ་ནི། (ཕལ་ཆེར་དུས་རབས་བཅུ་པའི་སྨད་དང་བཅུ་གཅིག་པའི་ནང་།)འདན་ཀ་ཕུའི་ཚེར་ཕུང་དམར་རའི་གོང་གི་ཤར་ལུང་སྒང་ཞེས་པའི་ས་གནས་འདི་ནས་ནར་སོན་པ་དང་དེ་ནས་ཁོང་གིས་རིམ་བཞིན་མདའ་རྩལ་སོགས་བསླབས་ཏེ། འཕོངས་སྐྱེན་པའི་སྙན་གྲགས་དབྱར་རྔའི་སྒྲ་ལའང་འགྲན་བཟོད་པའི་ལོ་རྒྱུས་ཅན་གྱི་དཔའ་བོ་ཆེན་པོ་ཞིག་ཏུ་གྱུར། འདན་སྟོད་སྨད་བར་གསུམ་ལ་དབང་བསྒྱུར་བའི་འདན་སྡེ་ཁྲི་སྐོར་བཅུ་གཉིས་ཀྱི་དཔོན་པོ་ཡིན་ཞིང་རིམ་བཞིན་གླིང་གི་དཔའ་ཐུལ་སུམ་ཅུའི་ཡང་རྩེ་རུ་གྱུར། མ་འདན་ནས་ཡིན་པས་འདན་མ་ཞེས་དང། ཞང་པོ་བྱང་ནས་ཡིན་པས་བྱང་ཁྲ་ཞེས་པ་གཉིས་བསྡུས་ཏེ་འདན་མ་བྱང་ཁྲ་ཞེས་བཏགས་པ་དང་། ཚ་ཞང་འདན་མ་ཞེས་པའི་མིང་དེ་ཡུལ་ལུང་འདི་ལ་འདན་མ་ལུང་པ་ཞེས་དང་འདན་ཁོག་ཅེས་པའི་མིང་ཐོགས་པ་དང་། གསེར་ལྡན་ཆུ་བོའི་རྒྱུད་ཀྱི་ལུང་པ་ཡིན་པས་ལྡན་ཁོག་དང་ལྡན་མ་ཞེས་ཀྱང་འབོད་པ་གཉིས་ཀ་ལོ་རྒྱུས་ཀྱི་ཡིག་རྙིང་ཁག་ལས་བྱུང་བ་དང་གྲགས་ཆེ་བ་ནི་འདན་མ་ཞེས་པ་འདི་ཡིན། ཁོང་གླིང་རྗེ་གེ་སར་རྒྱལ་པོའི་བཀའ་བློན་དང་། དེ་ནས་བཟུང་གླིང་གི་དམག་འཁྲུག་གི་སྐབས་ཐམས་ཅད་དུ་མཛད་རྗེས་བླ་མེད་དུ་བཞག་པས་གླིང་གི་རྗེ་བློན་ཡོངས་ཀྱིས་གཟེངས་བསྟོད་དང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་ཡུལ་དུ་གྱུར། དེར་བརྟེན་དཔའ་བོ་དམ་པའི་མཚན་སྙན་དེ་མི་རབས་ནས་མི་རབས་སོང་ནའང་བོད་གངས་ཅན་པ་ཡོངས་ཀྱིས་དུས་གཏན་དུ་བརྗེད་དུ་མེད་པར་གྱུར་ཅིང་། དེང་སང་ཡང་གླིང་གེ་སར་རྒྱལ་པོའི་སྒྲུང་ཐམས་ཅད་ཀྱི་ནང་དུ་དཔའ་བོ་འདིའི་མཚན་སྙན་གྱིས་མ་ཁྱབ་པ་མེད་པར་འཛམ་གླིང་གི་ས་སྒང་འདིའི་སྟེང་ལ་ཡོངས་གྲགས་སུ་ཡོད་པ་ཞིག་ཡིན། དེ་ཡང་གླིང་སྒྲུང་ཧོར་གླིང་གཡུལ་འགྱེད་(མཚོ་སྔོན་པར་མ་ཤོག་གྲངས་588)ལས། ཕོ་ང་དང་ང་ངོ་མ་ཤེས་ན། །འདན་ཤུག་ར་ཞོལ་མའི་ཡར་ནང་ནས། །འདན་ཤུག་ར་གོང་མའི་མར་ནང་ན། །ཤར་ལུང་རི་དྲུག་ནང་བཅུད་ལ། །དཔོན་གེ་སར་ཁྲི་གདུགས་ཉི་མ་དེའི། །དཔའ་འདན་མ་འོད་ཀྱི་སིལ་མ་ཟེར། ། ཞེས་དང་།

འདན་མའི་རྨོག 

       

བློན་ཆེན་འདན་མའི་དྲན་གསོ་ཁང་། 

འདན་མའི་མཁར་ཤུལ་རྒྱང་མཇལ།

         རྒྱ་གླིང་(བོད་ལྗོངས་པར་མ་ཤོག་གྲངས་206)ལས། ཕ་མིང་མ་ཐོབ་མ་མིང་ཐོབ། །མ་མ་འདན་ནས་ཡིན་པའི་མིང་། །ཞང་པོ་བྱང་ནས་ཡིན་པའི་ཕྱིར།།དེས་ན་འདན་མ་བྱང་ཁྲ་ཟེར། ། ཞེས་དང་། སྟག་གཟིགས་ནོར་འགྱེད་(རབ་རྒྱན་ཤིང་ཁྱིའི་ཟླ་བ་བརྒྱད་པར་ལྡན་མ་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་ལག་བྲིས་མའི་ཤོག་གྲངས་8 )ལས། ང་འདྲ་ང་ངོ་མ་ཤེས་ན། །ཤར་ལུང་རི་དྲུག་མཁར་ནང་ནས། །གདན་ཁྲི་སུམ་བརྩེགས་ཡང་སྟེང་ནས། །དཔའ་མི་འགྱུར་ཚ་ཞང་འདན་མ་ཡིན། །ཞེས་སོགས་སྒྲུང་དཔེ་མང་པོའི་ནང་དུ་མཆིས་པ་ལྟར། ཤར་ལུང་རི་དྲུག་གམ་སྒང་དྲུག་ཅེས་པ་ནི། རྒྱབ་རི་གསུམ་དང་མདུན་རི་གསུམ་སྟེ་རི་དྲུག་གི་དཀྱིལ་དུ་ཡོད་པའི་སྒོ་ནས་བཏགས་པ་ཡིན་པས། རི་དྲུག་འདི་ལ་བཤད་ཚུལ་གཉིས་ཙམ་མཆིས། འདི་ནི་རྒྱབ་རི་གཡས་ལ་གནས་ཆེན་པད་མ་སྤུངས་རི་དང་། རྒྱབ་རི་གཡོན་ལ་འབའ་གའི་གསེར་ཞལ་ཕྲ་མོ། རྒྱབ་རི་དབུས་མ་གནས་པོ་གང་གང་རྒྱལ་པོ་ཟེར། མདུན་རི་གཡས་པ་འདན་གྱི་འབར་ལྷ་རྩེ་རྒྱལ་དང་། མདུན་རི་གཡོན་པ་བསྟན་མ་ཚེ་སྨན་རྒྱལ་མོ། མདུན་རི་དབུས་མ་གཉན་ཆེན་ཨ་མྱེ་སྤོམ་ཐི་ཟེར་ཞིང་འདན་ཡུལ་གྱི་གནས་བདག་གཙོ་བོ་ཁག་ཡིན། བཤད་ཚུལ་གཞན་ཞིག་ལ། རྒྱབ་རི་གཡས་ལ་ཞེ་འབོལ་སྒང་དང་། གཡོན་ཝ་རྒལ་སྒང་། དབུས་སྒང་འཚེར་སྒང་ཟེར། མདུན་རི་གཡས་པ་ཝམ་འབམ་སྒང་དང་། གཡོན་པ་གཡང་རི་སྒང་། དབུས་མ་ལྷོ་ཆུ་སྒང་ཡང་ཟེར་ཞིང་རི་ཆུང་འདི་དག་ལ་ཡང་བཤད་སྲོལ་འདུག་ལ་གང་ཟེར་ཡང་རི་དྲུག་གི་དཀྱིལ་དུ་ཆགས་ཡོད་པ་སྨོས་མ་དགོས་ཤིང་། དེ་ལྟ་བུའི་དཔའ་བོ་དམ་པ་དེའི་སྐུ་མཁར་གྱི་མིང་ལ་ཤར་ལུང་རི་དྲུག་མཁར་ཟེར་ཞིང་། མཁར་སྒོ་ནུབ་ཕྱོགས་སུ་འཁོར་ཡོད་པའི་བཤད་ཚུལ་ཡོད་པ་དང་། མཁར་ཤུལ་དེ་ལ་ད་ལྟའང་ཤར་ལུང་སྒང་ཞེས་མིང་དེ་ལྟར་དུ་ཆགས་ཡོད། དེང་སྐབས་སུ་མཁར་ཤུལ་ནི་ས་འབུར་ཆེན་པོ་ཞིག་དུ་གྱུར་ཡོད་ལ་ཕྱོགས་ཁ་ཤས་ན་རྨང་གཞིའི་རྡོ་རྩིག་ཅུང་རེ་མཐོང་ཞིང་སྐམ་ཤས་ཆེ་སར་གྱང་དུམ་ཅུང་ཙམ་རེ་ཡང་ལྷག་ཡོད། མཁར་ཤུལ་གྱི་ཕྱོགས་གཞན་འགའ་ཞིག་གི་འཕྱི་བའི་ཁུང་བུ་སོགས་ནས་པང་ལེབ་དང་ལྕམ་དུམ་སོགས་རྙེད་རྒྱུ་འདུག མཁར་འདི་གྱང་ལས་གྲུབ་པ་དང་ལོ་མང་སོང་ཡང་བརྩེགས་གཅིག་ཅན་གྱི་གྱང་གོག་ད་ལྟར་ཡང་མཐོང་རྒྱུ་འདུག་པས་ཧ་ཅང་སྲ་མཁྲེགས་ཅན་གྱི་བརྩིགས་གྱང་བཟོས་ཡོད་པར་མངོན། གཡས་ཕྱོགས་སུ་གད་དོང་གཏིང་ཟབ་རིང་ཙམ་ཡོད་པར་གཡུ་འབྲུག་འཁྱིལ་བའི་གད་པ་དང་། བླ་ཤིང་ཤུག་པ། དེ་ཡི་གཡས་ཕྱོགས་ཆེར་མི་རིང་བའི་སར་དེའུ་འབུར་ཆེ་ཆུང་གཉིས་ཡོད་པ་དམག་གི་སོ་ལྟ་བྱེད་ས་ཡིན་ལ་ད་ལྟའང་སོ་དེའུ་གོང་འགབ་ཟེར། དེང་སྐབས་ཀྱི་གཞུང་ལམ་འགྲམ་ན་ཚེར་ཕུང་དམར་པོ་ཞིག་སྐྱེས་འདུག་པ་འདན་མའི་ལྟེ་ཁྲག་ས་ལ་འཐོར་ཤུལ་ཡིན་པ་དང་། འདན་མའི་ཚེར་ཕུང་དམར་པོ་དང་། ཚེར་ཕུང་ལ་བཙས་ཀྱང་ཟེར། མཁར་གྱི་མདུན་ཕྱོགས་མི་རིང་བའི་སར་རྟ་རྒྱུགས་མདའ་འཕེན་བྱེད་སའི་ཐང་ཆེན་དང་། ཐང་ཆེན་དེའི་དཀྱིལ་དུ། འདན་མ་གཡུལ་དུ་ཆས་སྐབས་ཀྱི་བསང་ཁྲི་དང་། མདའ་རྟགས་བཞག་སྟེ་བྲག་ཐོ་ཞིག་གི་རྩེ་མོ་བཅད་པའི་ཤུལ་བཅས་གསལ་པོར་ཡོད་ཅིང་། ཐང་དེ་ལ་ཀ་སིང་ཐང་ཞེས་ད་ལྟའང་འབོད། སྐུ་མཁར་རྒྱབ་ཀྱི་ཡུལ་ལྷ་གང་གང་རྒྱལ་པོའི་མདུན་དུ་བྲག་རི་ཧ་ཅང་མཐོ་བ་ངོས་ནས་ཆུ་ཆུང་ཞིག་འབབ་པ་དེ་ལ་ཆུ་འཕྱར་བྲག་ཟེར་ལ་དགུན་དུས་ཆབ་རོམ་ཆགས་པ་དང་། སོས་ཀ་ཡུལ་མི་རྒན་གྲས་རྣམས་ཀྱིས་དེ་ལ་རྟགས་ནས་སོ་ནམ་ལ་འཇུག་བཞིན་ཡོད། བྲག་མཐོ་དེ་ཡི་ལོགས་ཤིག་ལ་འདན་མ་ཚེ་སྒྲུབ་ཀྱི་བསྙེན་མཚམས་བཞུགས་གནས་ཀྱི་བྲག་ཕུག་ཅིག་ཡོད་ཅིང། ཁོང་གིས་ཚེ་སྒྲུབ་མཛད་དེ་ཚེ་ཡི་དངོས་གྲུབ་རྙེད་པའི་ཚེ་ཆུ་རང་རྡོལ་དུ་བྱུང་ཚུལ་དང་། དེ་འཐུང་ན་ཚེ་རིང་བའི་ཕན་ཡོན་ལྡན་ཟེར་ཞིང་ཡུལ་མི་རྣམས་ཀྱིས་འཐུང་བ་དང་། མ་ཚད་ཡུལ་གཞན་དུའང་ཁྱེར་ནས་འཐུང་བཞིན་ཡོད། སྒྲུབ་ཕུག་དེ་ཡི་མཐའ་སྐོར་དུ་ཕ་བོང་ཤིན་ཏུ་ཆེ་བ་དུ་མ་བརྩེགས་ནས་འདུག་པ་འདི་ནི་མི་ཕལ་པ་ཞིག་གིས་བརྩིགས་པ་མིན་པ་འདྲ་ཞིང་། མཁར་གྱི་གཡས་ངོས་སུ་ལེ་བར་བཅུ་ཙམ་གྱི་མཚམས་ཀྱི་རི་ཐོག་ལ་འདན་ཤུག་ར་སྐྱིད་ཀྱི་དགོན་པ་དང་། གཡོན་ངོས་ལེ་བར་ལྔ་ཙམ་གྱི་མཚམས་ཀྱི་རི་ཐོག་ལ་འདན་ཁྲི་ཐོག་དགོན་པ། ཕོ་བྲང་གི་གཤམ་དུ་འདན་ཀ་ཕུ་སྐྱིད་ཀྱི་དགོན་པ་ཆགས་ཡོད་ལ། འདན་ཀ་ཕུ་སྐྱིད་ཀྱི་དགོན་པ་འདི་ལ་དེ་སྔར་འདན་མའི་སྐུ་རྟེན་ལ་གེ་སར་རྒྱལ་པོ་གཙོ་བོར་བྱས་ཤིང་། དེའི་མཐའ་སྐོར་དུ་སྐྱེས་བུ་ཁྲ་གླག་སྤྱང་གསུམ་གྱིས་བསྐོར་བའི་བྲིས་ཐང་ཤིན་ཏུ་རྙིང་པ་ཞིག་དང་། གསུང་གི་རྟེན་ཤོག་ནག་ལ་གསེར་བྲིས་གནང་བའི་འདན་མའི་གསེར་འབུམ་ཞེས་གྲགས་པ་གསུང་རྟེན་དང་། ད་དུང་འདན་མའི་ན་བཟའི་རྟེན་ལྟ་བུ་ལ་འདན་མའི་ཁྲབ་དང་རྨོག མདའ་གཞུ། རལ་གྲི། སག་ཐག མདུང། ཕུབ་བཅས་གོ་ཆ་ཆ་ཚང་ཞིག་ཀ་ཕུ་དགོན་གྱི་ནང་རྟེན་དུ་ཡོད་པ་དགོན་འདིའི་རྒན་པ་ཁག་དང་ལས་སྣེ་སོགས་ཀྱིས་རྩ་ཆེའི་རིན་ཐང་ཅན་ཞིག་ཏུ་བརྩིས་ཏེ་དོ་དམ་ལྷོད་མེད་གནང་བཞིན་ཡོད་པ་དང་། དགོན་པ་རང་གི་དགུན་ཆུང་ཆེན་མོའི་གར་འཆམ་སྐབས་གོ་ཆ་དེ་དག་པེ་ཧར་རྒྱལ་པོའི་འཆམ་ཆས་བྱེད་བཞིན་ཡོད་པ་གསུང་བཞིན་འདུག ལོ་རྒྱུས་ཀྱི་བདེན་དཔང་ཡོད་ལ་དངོས་རྫས་ཀྱི་རིན་ཐང་མཆིས་པའི་རྟེན་རྫས་དང་ཡོ་བྱད་དེ་དག་ལས་དབུ་རྨོག་དང་ཐང་ག་གཉིས་ཙམ་མ་གཏོགས་དུས་འགྱུར་གྱི་སྐབས་སུ་བརླགས་ཟིན། འདན་མའི་དབུ་རྨོག་དེ་དང་ཐང་ག་དེ་གཉིས་ད་ལྟ་ཀ་ཕུ་དགོན་པའི་ནང་རྟེན་དུ་ཉར་ཚགས་བྱས་འདུག་ཅིང་དངོས་རྫས་འདི་གཉིས་ནི་གཞན་དང་མི་འདྲ་བའི་ཁྱད་དུ་འཕགས་པའི་རྒྱུ་ཆ་དང་འབྲི་སྟངས་སོགས་ཤིན་ཏུ་ལེགས་པོ་ཞིག་འདུག་པ་བཅས་སོ། ། 

འདན་མའི་ལྟེ་ཁྲག་འཐོར་ཤུལ་ཚེར་ཕུང་དམར་པོ།

གླིང་གེ་སར་ལ་ཁྲ་གླག་སྤྱང་གསུམ་གྱིས་བསྐོར་བའི་ཞལ་ཐང་རྙིང་པ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1