མཚོ་སྔོན་ནི་མཚོ་ཐོན་ཆུ་འབྲས་ཐོན་ཁུལ་དུ་འགྱུར་ཤས་ཆེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-15


མཚོ་ཐོན་ཆུ་འབྲས་འདེབས་འཛུགས་བྱེད་པར་སྤྱོད་པའི་འབྲས་མྱུག་འཛུགས་བྱེད་འཕྲུལ་འཁོར།
     ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ནས་གནས་ཚུལ་འབྱོར་གསལ། གྲང་ངར་ཆེ་ཞིང་ཆར་ཆུ་དཀོན་པའི་ཚྭ་འདམ་གཞོང་སར་ཆུ་འབྲས་སྐྱེས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ཡོན་ལུང་ཕིང་ཚོགས་པས་ས་བབ་མཐོ་བའི་མཚོ་བོད་ས་མཐོར་མཚོ་ཐོན་ཆུ་འབྲས་ཚོད་འདེབས་བྱེད་ཐེངས་ཐོག་མ་དེ་ཡིན། ཟླ་6ཚེས་8ཉིན་བར། ས་བབ་མཐོ་ཚད་སྨི་2800ཡོད་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གོར་མོ་གྲོང་ཁྱེར་གྱི་ཆུ་ནུབ་ཞིང་རར་མཚོ་ཐོན་ཆུ་འབྲས་ཚོད་འདེབས་བྱེད་པའི་རྒྱ་ཁྱོན་མུའུ་28ཟིན་ཡོད་པ་རེད།
     མཚོ་ཐོན་ཆུ་འབྲས་ནི་རི་སྐྱེས་ཆུ་འབྲས་དང་འདེབས་འཛུགས་ཆུ་འབྲས་ཀྱི་བར་དུ་གནས་པ་དང་། སྤྱིར་ན་མཚོ་འགྲམ་གྲམ་ཐང་ཁུལ་དུ་སྐྱེས་ཤིང་བ་ཚྭ་ཐེག་ཐུབ་པ་དང་། ཞོད་ཐེག་ཐུབ་པ། ནད་འབུའི་གནོད་འཚེ་ཐེག་ཐུབ་པ། སར་མི་ཉལ་བ་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཆུ་འབྲས་ཤིག་ཡིན། ཚྭ་འདམ་གཞོང་སའི་ལྟེ་བར་ཆགས་པའི་གོར་མོ་གྲོང་ཁྱེར་ལ་དམིགས་བསལ་གྱི་ས་ཁམས་ཆ་རྐྱེན་ཡོད་པས་མཚོ་ཐོན་ཆུ་འབྲས་ཚོད་འདེབས་བྱས་ཆོག རང་བདག་གིས་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་པ་དང་། ལེགས་སྒྲིག་ཆེས་ལེགས་བྱེད་པ། ཆུ་འབྲས་ཀྱི་བ་ཚྭ་དང་གྲང་ངར་ཐེག་ཐུབ་པའི་ཚོད་ལྟ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཡོན་ལུང་ཕིང་གི་མཚོ་ཐོན་ཆུ་འབྲས་ཚན་ཞིབ་ཚོགས་པས་ཆེད་དུ་ས་མཐོའི་གྲང་སའི་མཚོ་ཐོན་ཆུ་འབྲས་གསོ་སྤེལ་བྱས་པ་རེད། ཟླ་6པའི་ཟླ་སྟོད་དུ་ལས་དོན་མི་སྣས་དྲོད་ཁང་ཆེན་མོའི་ནང་གསོ་སྐྱོང་བྱས་པའི་མཚོ་ཐོན་ཆུ་འབྲས་བ་ཚྭ་ཅན་གྱི་ས་ཞིང་ནང་སྤོས་ཡོད། 
     ཡོན་ལུང་ཕིང་གིས“ང་ཚོའི་རྒྱལ་ཁབ་ལ་བ་ཚྭ་ཅན་གྱི་ས་ཞིང་མུའུ་དུང་ཕྱུར་བཅུ་གྲངས་ཡོད་མོད། འོན་ཀྱང་ཕལ་ཆེར་མི་མེད་པའི་མྱ་ངམ་ཐང་རེད། དེའི་ནང་ཆུ་མགོ་ཡོད་སར་ཆུ་འབྲས་མུའུ་དུང་ཕྱུར་གཅིག་ལྷག་ཙམ་འདེབས་ཆོག་པ་རེད། ང་ཚོའི་འཆར་གཞི་ནི་ལོ་བརྒྱད་ཀྱི་དུས་ཚོད་སྤྱད་ནས། རྒྱལ་ཡོངས་ཀྱི་བ་ཚྭ་ཅན་གྱི་ས་ཞིང་དུ་མཚོ་ཐོན་ཆུ་འབྲས་མུའུ་དུང་ཕྱུར་1བཏབ་པ་དང་མུའུ་རེར་ཐོན་ཚད་དམའ་ཤོས་སྤྱི་རྒྱ་300ཡིན་པར་བརྩིས་ན། འདི་ལྟར་བྱས་ཚེ་ལོ་རེར་འབྲུ་རིགས་སྤྱི་རྒྱ་དུང་ཕྱུར་300ཐོན་འཕར་ཡོང་སྲིད་པ་དང་། མི་འབོར་བྱེ་བ་བརྒྱད་ནས་དུང་ཕྱུར་གཅིག་བར་མང་དུ་གསོ་ཐུབ”ཅེས་བརྗོད་མྱོང་ལ། ཡོན་ལུང་ཕིང་གི་བསམ་འདུན་ཆེ་ཤོས་ནི་འབྲུ་རིགས་ཀྲུང་གོ་བ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ་དེ་རེད། 
     ཆིང་ཏའོ་མཚོ་ཐོན་ཆུ་འབྲས་ཞིབ་འཇུག་འཕེལ་རྒྱས་ལྟེ་གནས་བ་ཚྭ་ཅན་གྱི་འབྲས་ཞིང་ལེགས་སྒྱུར་ལག་རྩལ་ཁྲུའི་ཁྲུའུ་ཀྲང་ཝུའུ་ཀྲན་ཡུང་གིས“འདི་ནི་མཚོ་ཐོན་ཆུ་འབྲས་མཐོ་གྲང་ས་ཁུལ་དུ་ཚོད་འདེབས་བྱེད་ཐེངས་དང་པོ་དེ་རེད། ང་ཚོས་ཚྭ་འདམ་གཞོང་སའི་མཚོ་ཐོན་ཆུ་འབྲས་འདེབས་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། འབྲུ་རིགས་རང་ཡུལ་ཅན་དུ་གསོ་སྐྱོང་བྱེད་པ་དང་། གྲང་ཐེག་ཐན་ཐེག་ཆུ་འབྲས་རྒྱུད་ལེགས་འདེམས་དང་གསོ་སྐྱོང་བྱ་རྒྱུ་ཡིན། དེས་གོར་མོ་དང་ཐ་ན་མཚོ་བོད་ས་མཐོའི་ས་ཁུལ་གྱི་ཞིང་ལས་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་བྱེད་པར་འགག་རྩའི་ནུས་པ་ལྡན་ཡོད། 
     དེང་སྐབས། ཡོན་ལུང་ཕིང་ཚོགས་པས་ས་གནས་དེ་གར་གསར་དུ་གསར་སྦོལ་བྱས་པའི་བ་ཚྭ་ཅན་གྱི་ཞིང་ཁ་ཆེན་པོར“མི་ཐབས་+འཕྲུལ་ཆས་+འཕྲུལ་ཆས”ཀྱི་བྱེད་ཐབས་བརྒྱུད་སྔོན་ལ་མུའུ་100ཚོད་འདེབས་བྱས་ནས་གྲངས་གཞི་ལྟ་ཞིབ་བྱས་ནས་དུས་མཇུག་གི་གཞི་ཁྱོན་ཆེན་པོའི་ཚོད་འདེབས་ལ་གཞི་གྲངས་ཀྱི་མ་དཔེ་འདོན་སྤྲོད་བྱ་རྩིས་ཡོད་པ་རེད། ཚོགས་པའི་ལས་དོན་མི་སྣས་ད་དུང་གོར་མོ་རུ་བ་ཚྭ་ཅན་གྱི་ས་ཞིང་མི་འདྲ་བར་ལེགས་བཅོས་ཀྱི་ཚོད་ལྟ་དང་བ་ཚྭ་ཐེག་ཐུབ་པའི་ཆུ་འབྲས་ཀྱི་སྣ་ཁ་འདེམས་སྒྲུག་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཁོང་ཚོས་ཚན་རྩལ་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་མཚོ་སྔོན་གྱི་ཞིང་ལས་དེང་རབས་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་སྟེ“བ་ཚྭ་ཅན་གྱི་ས་ཞིང་ལེགས་བཅོས་+མཚོ་ཐོན་ཆུ་འབྲས་འདེབས་འཛུགས་+གྲངས་གཞི་ཅན་གྱི་ཞིང་ལས”ཀྱི་རྣམ་པ་གསར་པ་ཞིག་གཏོད་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1