༄༅།།བོད་ཀྱི་རང་མོས་སྙན་ངག་ལས“གཤིས་ལུགས་བརྗོད་པའི་སྙན་ངག”གི་སྐོར་རགས་ཙམ་གླེང་བ།

རིན་ཆེན་ཉི་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 06-15



མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང༢༠༡༣ལོའི་རབ་འབྱམས་ཞིབ་འཇུག་སློབ་མ། རིན་ཆེན་ཉི་མ།
        [གནད་བཏུས] རྩོམ་འདིར་བོད་ཀྱི་སྙན་ངག་ལས“གཤིས་ལུགས་བརྗོད་པའི་སྙན་ངག”(哲理诗)གི་གོ་དོན་སོགས་ལ་ལུང་དང་དཔེའི་སྒོ་ནས་བརྗོད་ཡོད།
       [གནད་ཚིག] རང་མོས་སྙན་ངག གཤིས་ལུགས་བརྗོད་པ།

   “གཤིས་ལུགས་བརྗོད་པའི་སྙན་ངག”(哲理诗)ཅེས་པ་ནི་རྩོམ་པ་པོས་འཇིག་རྟེན་ཁམས་ཀྱི་ཆོས་ཉིད་དམ་གནས་ལུགས་ཀྱི་གཏན་ཚིགས་རང་བཞིན་ཆེ་ཆུང་ཅི་རིགས་རང་སེམས་ཀྱི་ཚིག་འབྲུ་ལ་སྦྱར་ནས་སྙན་པའི་ངག་གིས་བརྗོད་པའི་སྙན་རྩོམ་གྱི་རིགས་ལ་བྱ། འཇུ་སྐལ་བཟང་ནི་མཁས་པའི་རང་གཤིས་ལྡན་པའི་སྙན་ངག་པ་ཡིན་ཚུལ་ཀུན་གྱིས་མང་དུ་བརྗོད་པ་ལྟར་དུ། ཁོང་གིས་ལོ་རབས་བརྒྱད་ཅུ་བ་ནས་བཟུང་ད་རག་ཏུ་མི་ལོ་སུམ་ཅུ་ལྷག་གི་རིང་ལ་རྩོམ་རིག་གསར་རྩོམ་གྱི་ལམ་སྣ་རུ་གོམ་མཚམས་མ་བཞག་པར་མདུན་ནས་མདུན་དུ་སྐྱོད་པའི་བོད་ཀྱི་དེང་རབས་ཀྱི་རྩོམ་པ་པོའི་དཔུང་སྡེའི་རུ་སྣ་འདྲེན་མཁན་ལྟ་བུར་གྱུར་ཡོད། ལ་ལས་བོད་ཀྱི་དེང་རབས་རྩོམ་རིག་ནི་དུས་སྐབས་གསུམ་དུ་བཀར་ན་འགྲིག་པར་བཤད་དེ། དང་པོ་དོན་གྲུབ་རྒྱལ་གྱི་དུས་སྐབས་དང་། གཉིས་པ་འཇུ་སྐལ་བཟང་གི་དུས་སྐབས། གསུམ་པ་མི་རབས་གསུམ་པའི་དུས་སྐབས་ཞེས་བརྗོད་པའི་ལུགས་འདི་ཉིད་ཚད་མར་གཟུང་འོས་མི་འོས་གནས་སྐབས་སུ་སྡོམ་ཚིག་འགོད་མི་ནུས་མོད། གཏམ་འདི་ལས་ཀྱང་དེང་རབས་བོད་ཀྱི་རྩོམ་རིག་སྨྲ་བ་འཇུ་སྐལ་བཟང་ལགས་ཀྱིས་བོད་ཀྱི་རྩོམ་རིག་ཐད་བཞག་པའི་ཕྱག་རྗེས་དང་། ཁོང་ཉིད་ལ་བོད་ཀྱི་དེང་རབས་རྩོམ་རིག་གི་དཔུང་ཁག་ལས་ཐོབ་པའི་མཚན་སྙན་ཇི་འདྲ་ཞིག་ཡོད་པ་གསལ་བོར་རྟོགས་ཐུབ་པ་རེད། ཁོང་གིས་ལོ་ངོ་འདི་འདྲིའི་རིང་དུ་རྩོམ་ལུས་མི་འདྲ་བ་དང་བརྗོད་དོན་མི་འདྲ་བའི་བརྩམས་ཆོས་འབོར་ཆེན་ཞིག་འབྲི་སྣང་མཛད་ཡོད་པ་ལས་ཚིགས་བཅད་སྙན་ངག་དང་ལྷུག་རྩོམ་བཅས་ནི་འདིར་སྤྲོས་པའི་གཞི་མ་ཡིན་པས་རེ་ཞིག་བཏང་སྙོམས་སུ་འཇོག་པར་བྱ། ཁོང་གིས་བརྩམས་གནང་མཛད་པའི་རང་མོས་སྙན་ངག《རྒོད་པོ་དང་ནམ་མཁའ》དང《དགེ་འདུན་ཆོས་འཕེལ》གཉིས་ཁོ་བོས་རང་མོས་སྙན་ངག་གི་རིགས་དབྱེ་ལས“གཤིས་ལུགས་བརྗོད་པའི་སྙན་ངག”གི་ཁོངས་སུ་བཅུག་ནས་སྤྲོས་བརྗོད་ཅུང་ཙམ་བྱ་བ་ལས། ཐོག་མར《རྒོད་པོ་དང་ནམ་མཁའ》ལ་མཚོན་ན།“སྙན་རྩོམ་འདི་ནི་བྱ་རྒོད་དང་བྱ་རྒོད་འཕུར་བསྐྱོད་བྱེད་སའི་ནམ་མཁའ་གཉིས་ཀྱི་འབྲེལ་བའི་སྟེང་ནས་གྲུབ་པ་ཞིག་ཡིན། བྱ་རྒོད་ནི་ཡུལ་ཅན་དང་ནམ་མཁའ་ནི་ཡུལ་ཡིན། ཡུལ་ནམ་མཁའ་དེ་ནི་མཐའ་དབུས་མེད་པའི་རྒྱ་ཆེ་བ་ཅན་ཞིག་ཡིན། འོན་ཀྱང་ཡུལ་ཅན་རྒོད་པོ་ཡི་བློ་སྤོབས་ཀྱང་ཉམ་ཆུང་བ་ཞིག་གཏན་ནས་མ་ཡིན། སྙན་རྩོམ་འདིའི་མཛེས་ཆོས་དང་བསམ་བློའི་དགེ་མཚན་ཐམས་ཅད་རྒོད་པོའི་བློ་སྤོབས་ལས་བྱུང་བ་ཉིད་ཡིན”①དང་། དུས་ནམ་ཞིག་གཤོག་ཟུང་བྲི་ཡི་ནམ་མཁའ་ཟད་པར་མི་འགྱུར་བ་བདེན་ལ། རྒོད་པོས་ཤེས་ཀྱང་ཤེས་མོད། འོན་ཀྱང་བྱ་རྒོད་ཅིག་ཡིན་ན་ནམ་མཁར་འཕུར་ལྡིང་བྱེད་རྒྱུ་ནི་ཆོས་ཉིད་དམ་གནས་ལུགས་ཤིག་ཡིན་པ་བརྗོད་ཡོད།

ནམ་ཞིག་གཤོག་རྩལ་བྲི་ཡི་ནམ་མཁར་ཟད་པར་མི་འགྱུར་བ་བདེན།

དེ་ལྟ་ནའང་།
གཤོག་རྩལ་མ་བྲི་ཕྱིར་ལ་ལྡོག་ན།
རྒོད་པོ་སྤོབས་པ་ཞུམ།
ལྡོག་པའི་ལམ་དུ་འཆི།
   འཇུ་སྐལ་བཟང་། 《རྒོད་པོ་དང་ནམ་མཁའ》②འདི་ལས་ནམ་ཞིག་བྱ་རྒྱལ་རྒོད་པོ་རྒས་ནས་གཤོག་རྩལ་གཉོམ་དུས་ཨ་སྔོན་དགུང་ནས་ལྡིང་སྐོར་རྒྱག་པའི་སྟོབས་ཤུགས་ཟད་པའི་དུས་སུ་སླེབས་ནའང་ཤི་ན་ནམ་མཁའ་དང་གསོན་ན་ནམ་མཁའ། ཚེ་སྲོག་གི་འཇའ་ཚོན་དགུང་ནས་ཡལ་དགོས་པའང་གདམ་ང་མེད་པའི་ལས་དབང་དང་ཆོས་ཉིད་ཡིན། རྒོད་པོའི་ལས་དབང་འདི་སྐྱོ་བ་ཞིག་ཡིན་ལ། དེ་ལས་ཀྱང་རླབས་ཆེ་ཞིང་གཟི་བརྗིད་ལྡན་པ་ཞིག་རེད།“སྙན་རྩོམ་འདིས་ད་ལྟའི་གཏན་ཚིགས་དང་དངོས་པོའི་གཤིས་ལུགས་ལ་བརྟེན་ནས། ཡུལ་ཅན་པ་སུ་དང་གང་ཞིག་ཡིན་རུང་།ཕྱི་རོལ་ཡུལ་དབང་དུ་གྱུར་པའི་གོ་རིམ་ཁྲོད་དུ། ཕྱི་བཤོལ་དང་གདམ་ང་གཞན་གང་ཡང་མེད་པར། ཡུལ་དེ་དང་གདོང་གཏད་དེ་རེ་སྙེག་དང་འཚོལ་དཔྱོད་ཀྱི་ངང་ནས་གདོང་བསུ་དགོས་པའི་བློ་སྤོབས་དང་། ཡར་ཐོན་གྱི་བསམ་བློ་ང་ཚོར་བསྟན་ཡོད།”③གཞན་སྙན་རྩོམ་ལས་ད་དུང་འདི་ལྟ་བུའི་ཚིག་ཡོད་དེ།“ནམ་མཁའ་འདི་མེས་པོ་བགྲོད་པའི་བཤུལ་ལམ/གཤོག་ཟུང་འདི་མེས་པོས་གནང་བའི་ཁྱད་ནོར/ཞུམ་པ་ཅི/”ཞེས“མི་རིགས་སམ་རིགས་རྒྱུད་ཅིག་གི་སྙིང་སྟོབས་ནི་གནས་དེར་དར་བའི་རིག་གནས་ཀྱི་ཁོར་ཡུག་ཅིག་ལས་མུ་རུ་མུར་བརྒྱུད་ཕྱིར། མེས་པོའི་དཔའ་མཛངས་སམ་སྙིང་སྟོབས་ནི་ཕྱི་རབས་པའི་སྤོབས་པའི་རྟེན་གཞི་ཞིག་ཡིན་པ་ཆོས་ཉིད་ཅིག་ཏུ་གྲུབ་པར་ངེས། ང་ཚོ་ལ་དངོས་ནས་རླབས་ཆེན་གྱི་མེས་པོ་བགྲང་ལས་འདས་པ་ཞིག་དང་ཁོང་ཚོའི་རིག་སྟོབས་ལས་འོངས་པའི་སྤོབས་པའི་རང་གཟུགས་སུ་གྱུར་པའི་རིག་གནས་ཀྱང་ཇི་འདྲའི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡོད་ཨང་།”④ཞེས་རྩོམ་པ་པོས་མེས་པོར་རྒྱུས་ལོན་བྱས་པ་ལས་ང་ཚོས་རང་ངོ་ཟིན་ཅིང་། མེས་པོའི་རང་གཤིས་རྒྱུས་ལོན་པ་ལས་རང་ལམ་འཚོལ་ཐུབ་པའི་གནས་ལུགས་ཀྱང་བསྟན་ཡོད། རྩོམ་རིག་དཔྱད་བརྗོད་པ་ཚེ་གྲུབ་ལགས་ཀྱིས་གསུངས་པ་ནང་བཞིན“མཁས་པའི་གཤིས་རྒྱུད་དང་ལྡན་པའི་སྙན་ངག་པ་འཇུ་སྐལ་བཟང་ལ་མཚོན་ན། ཁོའི་སྙན་ངག་གང་ལ་བལྟས་ཀྱང་དྭངས་གསལ་ཤེལ་གོང་ལྟ་བུའི་ཚིག་སྦྱོར་དང་ཧྲག་བསྡུས་འོས་འཚམས་ཀྱི་སྒྲིག་གཞི། རིག་རྟོག་ཐད་ནས་ཐོན་པའི་གནས་ལུགས་ཀྱི་གཏན་ཚིགས་རང་བཞིན། རྟོག་འཆར་ཁྲོད་བསླངས་པའི་དོན་ཉམས་ཀྱི་འགྱུར་བག་བཅས་ལས། ང་ཚོས་མཐོང་བ་ནི་གནད་དོན་འབའ་ཞིག་གི་དྲིས་ལན་ཙམ་མིན་པར་ཚོར་འདུ་ལས་བྱུང་བའི་སྙན་ངག་གི་སྒྱུ་རྩལ་ཡིན”ཞེས་པའི་གདེང་འཇོག་གནང་བ་ཇི་བཞིན། 《དགེ་འདུན་ཆོས་འཕེལ》ཞེས་པའི་སྙན་ངག་འདི་ནི་ཁྱད་ཆོས་དེ་ལྟ་བུ་ལྡན་པའི་འཐུས་ཚབ་བརྩམས་ཆོས་ཤིག་ཡིན་ལ། དེ་ལས་གཞན་ཁོའི་བསམ་བློའི་འཁྱེར་སོ་ཐད་ཀྱི་རང་ལྟ་སྒུལ་མེད་ཅིག་ཀྱང་ཡིན་པར་སྙམ།
འཇིག་རྟེན་འཇིག་རྟེན་དུ་ཤེས་པ་ནས་བཟུང་།
ཁྱེད་རང་དགོད་སླ་ཡང་ངུ་སྐྱེན།
   འཇུ་སྐལ་བཟང་། 《དགེ་འདུན་ཆོས་འཕེལ》⑤ཚིག་རྐང་འདི་གཉིས་ཀྱིས་སྙན་རྩོམ་ལེགས་པོ་འདིའི་མགོ་བརྩམས་པ་ཡིན་ལ། མི་ཚེའི་གནས་ལུགས་ཤིག་གི་མགོ་རྩོམ་སའང་འདི་ཡིན་ཏེ།“སྙན་རྩོམ་འདི་ལས་ཚད་མཐོ་གཅིག་འདྲིལ་གྱི་སྒོ་ནས“འཇིག་རྟེན་འཇིག་རྟེན་དུ་ཤེས་པ་ནས་བཟུང/ཁྱེད་རང་དགོད་སླ་ཡང་ངུ་སྐྱེན།”ཞེས་དངོས་པོའི་གཤིས་ལུགས་ཀྱི་རང་བཞིན་ནམ་གནས་ལུགས་ཀྱི་མཐར་ཐུག་ལ་དབང་བསྒྱུར་བའི་མཐོ་ས་ཞིག་ནས། རྩོམ་མཁན་གྱིས་བསྟོད་ཡུལ་ལམ་བརྗོད་ཡུལ་དེའི་རྒྱུད་ཀྱི་ཡོན་ཏན་དང་དེ་ལས་ཐོན་པའི་རང་གཤིས་བསྟན་པ་ལས་གཞན། དགེ་ཆོས་ཁོང་ཉིད་ཀྱི་སྐྱོ་གར་རང་བཞིན་གྱི་མི་ཚེའི་བརྒྱུད་རིམ་དེ་ཇི་ལྟར་གྲུབ་པའི་ཐོག་མའི་གླེང་སློང་ཞིག་དང་།ཁོང་གི་མི་ཚེ་གང་བོའི་ཕྱོགས་གཞན་ཞིག་གི་བསྡོམས་ཤིག་ཀྱང་ཡིན།”⑥ རྩོམ་པ་པོ་ལྷ་རྒྱལ་ཚེ་རིང་ལགས་ཀྱི《འཛིན་མའི་གདུང་དབྱངས》ཞེས་པའི་སྙན་རྩོམ་འདི་ནི་ད་ལྟ་འཛམ་གླིང་ཧྲིལ་བོས་ཁ་ནས་གླེང་བཞིན་དང་ལག་པས་སྒྲུབ་བཞིན་པའི་ཧ་ཅང་འགངས་ཆེ་བའི་ལས་དོན་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་ནང་དོན་བརྗོད་བྱར་བདམས་ནས་བྲིས་པའི་བརྩམས་ཆོས་ཤིག་རེད། ཀུན་གྱིས་ཤེས་གསལ་ལྟར་རང་རེ་འགྲོ་བ་མིའི་རིགས་འཚོ་སྡོད་བྱེད་སའི་སའི་གོ་ལ་འདི་ཉིད་ལ་གཅེས་སྤྲས་དང་བདག་སྐྱོང་བྱ་རྒྱུ་ནི་འཛམ་བུ་གླིང་གི་མི་རེ་རེའི་ཕྲག་ལ་བབས་པའི་ལྷན་སྐྱེས་ཀྱི་འོས་འགན་ཡིན་ཞིང་། གོ་ལ་ཟླུམ་པོའི་འཐུ་འོག་ཏུ་སྤྲོ་སྐྱིད་དང་འཛུམ་མདངས་ཀྱིས་གནས་པའི་ང་ཚོ་མིའི་རིགས་ཀྱིས་རང་ཉིད་ཀྱི་ཁེ་སྤོགས་དང་རང་ཉིད་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ས་རྐོ་རྡོ་སློག་དང་། གཏེར་ཁ་སྔོག་འདོན། བཟོ་གྲྭ་མང་པོས་དུ་ནག་ཕོན་ཆེན་སྒོར་ཕུད་པ་སོགས་ཀྱི་ལས་བྱས་ནས། འཛམ་གླིང་འཛིན་མའི་ཁྱོན་ཡོངས་ཀྱི་གནམ་སྔོན་པོ་དང་སྤྲིན་དཀར་པོ། ཡངས་པའི་ལྗང་མདོག་གི་སྤང་གཞོང་། མདོར་ན་རི་ཆུ་ནགས་གསུམ་དང་རྩྭ་ཆུ་གཉིས་འཛོམས་ཀྱི་གདོད་མའི་ས་གཞི་ཡི་རིན་ཐང་གཞལ་དུ་མེད་པའི་ཉིང་བཅུད་དེ་ཉིད་ང་ཚོ་དང་རིང་དུ་ཤོར་ལ་ཉེ་བའི་ཉེན་ཁའི་འབོད་བརྡ་དེ་རྩོམ་པ་པོས་འདི་ལྟར་བསྡུས་བརྗོད་ཀྱི་ལམ་ནས་མཚོན་པར་བྱས་ཡོད།“སྙན་རྩོམ་འདི་ལྟ་བུར་ཁྱི་བརྒྱགས་སྐར་ཟུག་དང་ནད་མེད་འཁུན་སྒྲ་འབྱིན་པའི་ཚུལ་འཆོས་མེད་ལ། བརྗོད་གཞི་ཆེན་པོ་ཞིག་གི་གནས་ནས་མིའི་འཚོ་གནས་ཀྱི་གནད་དོན་དུ་མ་སྙན་ངག་པ་ཞིག་གི་ཚད་ནས་ཁག་ཁུར་གྱི་སེམས་དྲག་པོ་དེ་ཡུལ་དུས་ཀྱི་རྒྱབ་ལྗོངས་ཤིག་ལས་འབོད་སྐུལ་བཏང་བས། ང་ཚོས་རྟོག་བཟོ་ཅི་ཡང་བྱ་མི་དགོས་ལ་རང་གནས་ལ་དོ་སྣང་ཕྲན་ཙམ་བྱས་ནའང་རྩོམ་མཁན་དང་ལྷན་དུ་ཉམས་འུར་འབྱུང་སླ་བ་ཡིན”⑦ པ་ད་ལྟའི་ཆ་འཕྲིན་གྱི་དུས་རབས་འདིའི་ཁྱད་ཆོས་སུ་ཆགས་འདུག སྤྱིར་ཕུལ་དུ་བྱུང་བའི་རྩོམ་རིག་བརྩམས་ཆོས་གང་ཡིན་ཡང་དེ་བྱུང་ནས་མི་རྣམས་ཀྱི་འཚོ་བ་རུ་གནས་ཐུབ་པ་དགེ་མཚན་ཆེན་པོ་གཉིས་ལྡན་ཏེ། གཅིག་ནི་རྩོམ་པ་པོ་རང་ཉིད་ཀྱི་ནང་སེམས་ཀྱི་འབོད་པ་དང་ཕུགས་འདུན་ཐམས་ཅད་ཇི་བཞིན་དུ་མི་གཞན་ལ་སྟོན་ཐུབ་པ་དང་། གཉིས་ནི་རྩོམ་པ་པོའི་འབོད་པ་དང་ཕུགས་འདུན་ལ་བརྟེན་ནས་ཀློག་པ་པོའམ་སྤྱི་ཚོགས་ཧྲིལ་བོའི་འབོད་པ་དང་ཕུགས་འདུན་ཡང་སྐུལ་སློང་ཐེབས་ངེས་པ་དེ་རེད། དེ་ནི་རྩོམ་རིག་གི་ཆེས་མཐར་ཐུག་གི་དམིགས་ཡུལ་ཡང་ཡིན་སྲིད། ལྷ་རྒྱལ་ཚེ་རིང་ལགས་ཀྱི《འཛིན་མའི་གདུང་དབྱངས》ཀྱིས་དངོས་པོའི་གཤིས་ལུགས་བརྗོད་པའི་ཐབས་ལ་བརྟེན་ནས་མི་ཀུན་གྱིས་རང་རེ་འཚོ་གཞེས་གནང་སའི་གོ་ལ་ཟླུམ་པོ་འདིར་སྲུང་སྐྱོབ་དང་གཅེས་སྤྲས་བྱེད་དགོས་པའི་ནང་སེམས་ཀྱི་འབོད་པའི་ཀི་སྒྲ་སང་སང་དུ་སྒྲོག་ཐུབ་སོང་བ་རེད།
   ཉྭ་ནག་པ་བ་རེས་ཀྱི《རླབས་རྒྱུན་དང་བྲག་རྡོ》ནི་གོང་དུ་བརྗོད་ཟིན་པའི་འཇུ་སྐལ་བཟང་ལགས་ཀྱི《རྒོད་པོ་དང་ནམ་མཁའ》དང་འདྲ་བར་རྩོམ་བྱང་དུ“དང་སྒྲ”སྦྱར་བའི་འབྲི་ཐབས་བཀོལ་ཡོད་ཅིང་། 《རླབས་རྒྱུན་དང་བྲག་རྡོ》ལས་རླབས་རྒྱུན་དང་བྲག་རྡོ་གཉིས་ཡུན་རིང་འཐབ་བའི་མཇུག་འབྲས་སུ“ལོ་ངོ་སྟོང་ཕྲག་གི་རིང་།/མཁའ་ལ་འཕྱོ་བའི་རླབས་རྒྱུན་གྱིས།/བྲག་རྡོའི་ངོས་ལ་ལན་བརྒྱར་བརྡབས། /བསུབ་མེད་དཔང་རྟགས་ཀྱི་རི་མོ་ཞིག་ཀྱང་། /བྲག་རྡོའི་རྐེད་པ་ན་གཟུགས་སུ་གྲུབ།/”ཅེས་རྩོམ་པ་པོས་བརྗོད་འདོད་པ་ནི“འགལ་བ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན་པའི་མར་ཁེ་སི་རིང་ལུགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རིག་གཞུང་དང་མཐུན་པའི་ལྟ་བ་ཞིག་སྣང་བརྙན་གྱི་སྒོ་ནས་བརྗོད་པར་བྱས”⑧པ་དེ་ཡིན། སྙན་ངག་པ་ན་རོ་ལགས་ཀྱི《གནའ་སྔ་མོ》ཞེས་པ་ཡང་དངོས་པོའི་གཤིས་ལུགས་བརྗོད་པའི་སྙན་ངག་གི་ཁོངས་སུ་གཏོགས་ཏེ།
   “དང་པོ་ཙ་ན། ས་ཆ་ཞིག་ན་སྤུན་མཆེད་གཉིས་ཡོད། ཐོག་མའི་དབུལ་ཕོངས་དང་བར་གྱི་བློ་བརྩོན་ལ་བརྟེན་ནས། མཐའ་མར་བདེ་ཞིང་སྐྱིད་པར་གྱུར་ཏོ”ཞེས་མཇུག་བསྡུ་ཐེངས་རེར། རྡོ་བའི་ཁེར་རྐྱང་དང་། རྩི་ཤིང་གི་ཁོག་འདར། རི་རྒྱུད་ཀྱི་སུན་མ། ལྷ་ཡུལ་གྱི་ལ་མོ། རྒྱུ་སྤུན་གྱི་བར་ཐག ཁྱིམ་མཚེས་ཀྱི་སྐྱོ་ཤས་མ་ལུས། མཚན་མོ་མང་པོའི་གྲིབ་སོ་དང་འགྲོགས་ཏེ་རྒྱང་རིང་ལ་བྱེར། ན་རོ། 《གནའ་སྔ་མོ》⑨ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་རང་རེའི་བོད་མི་རིགས་འདི་ཉིད་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་འགྲུལ་བཞུད་ཁྲོད་རང་བྱུང་ཁམས་དང་། ཁྱིམ་མཚེས་རྒྱལ་ཁབ། བཙན་རྒྱལ་རིང་ལུགས་བཅས་ཕྱི་ཡོང་གི་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་ལོ་ངོ་སྟོང་ཕྲག་རིང་གི་འཐབ་འཛིང་གི་རྒྱུད་རིམ་ལས་ནར་སོན་ན་ཡང་། མེས་པོ་གོང་མ་དག་གིས་གནང་བའི་དཔའ་མཛངས་རྟུལ་ཕོད་ཀྱི་སྙིང་སྟོབས་དང་། བྱམས་དང་སྙིང་རྗེ་བརྩི་བའི་ཁོག་རྒྱ་ནི་ད་ལྟ་སྔར་བཞིན་བོད་པ་ཀུན་གྱི་རུས་པའི་རྐང་ལ་ཐིམ་ཡོད་པས་རྟགས་མཚན་གྱིས། ཕྱིའི་རྒྱུ་ནོར་ལོངས་སྤྱོད་ཀྱིས་དེ་ཙམ་དབུལ་ནའང་ནང་སེམས་ཀྱི་རྒྱུ་འབྲས་མིག་ལྟར་སྲུང་བའི་སྤྱོད་བཟང་དང་། ཡ་རབས་དགེ་བ་གསོག་པའི་ནོམ་པ་དེས་རང་ཅག་རྣམས་ནི་འཛམ་གླིང་ཧྲིལ་བོའི་ཁ་མིག་ཡར་ལྟ་བྱེད་སའི་གནས་སུ་བཀུར་ཡོད་པ་དོན་དངོས་རེད། རིག་གནས་བཟང་བོའི་ཤན་ཤུགས་ཀྱིས་རང་ཅག་གི་གཤིས་སུ་བདག་ལས་གཞན་གཅེས་ཞེས་པའི་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཡང་རྩེར་བགྲང་རུང་བའི་བསམ་བློ་ཞིག་གི་ཚད་གཞི་དང་། མི་གཞིའི་འཕེལ་རྒྱས་ཀྱི་མཐའ་འཁྱོལ་བའི་བར་མཚམས་སུ་བསླེབས་པ་སོགས་ཀྱི་ལྟ་བ་དག་ནི་ཇི་འདྲའི་རླབས་ཆེ་བའི་བསམ་བློ་རེད་ཨང་།
   འབྲུ་སྒམ་སྟོང་དུས་སྐྱོ་ཤས་ཕྲན་ཙམ་མི་སྐྱེས་པར། འབྲུ་སྒམ་ཁེངས་དུས་སྐྱོ་ཤས་ཅུང་ཟད་སྐྱེས་མཁན་དེ/ཀུན་བཟང་སྒྲོལ་མ་རེད། ན་རོ། 《གནའ་སྔ་མོ》འདི་ནི་གནས་ལུགས་ཆེན་པོ་ཞིག་ཏུ་རྟོགས་ཏེ། རང་ཉིད་ཀྱི་འབྲུ་སྒམ་སྟོང་བར་ལུས་དུས་སྐྱོ་ཤས་ཕྲན་ཙམ་ཡང་མི་སྐྱེས་པར། འབྲུ་སྒམ་ནང་དུ་ལོ་ཡག་འབྲུ་རིགས་ཀྱིས་ཁེངས་དུས་སྐྱོ་ཤས་ཅུང་ཟད་སྐྱེས་མཁན་དེ་བོད་པའི་ཨ་མ་ཀུན་བཟང་སྒྲོལ་མ་རེད། ཕལ་ཆེར་ཆོས་ལྡན་བོད་ཀྱི་ཞིང་ཁམས་གཅིག་པུ་ན་ལྷག་ཡོད་པའི་བྱམས་ལྡན་གྱི་ཨ་མ་ཀུན་བཟང་སྒྲོལ་མ་རེད། འདི་འདྲའི་གཏོང་ཕོད་ཀྱི་བསམ་བློ་དེ་མ་གཞི་འགྲོ་བ་མིའི་རིགས་ཀྱི་མཐར་ཐུག་གི་མི་གཞིའི་མཐོ་ཚད་ཅིག་ལ་ངོས་བཟུང་ན་འགྲིག་པ་དང་། སྙན་ངག་རྩོམ་པ་པོ་གཅན་མེ་སྟག་ལགས་ཀྱིས་བརྩམས་པའི《ཁྱེད་དང་ངའི་ནར་སོན་གྱི་ལོ་ཟླ》ནི་གྱེར་འདོན་སྙན་ངག་ཅིག་ཡིན་ཚུལ་རྩོམ་པ་པོས་ཁ་བྱང་གཉིས་པའི་ཚུལ་དུ་གསལ་བཤད་བྱས་འདུག གྱེར་འདོན་སྙན་ངག་འདི་ལས་ཕ་ཡུལ་དང་རང་ཉིད་ཀྱི་འབྲེལ་བ་བརྩེ་འདང་དང་དུངས་ཞེན་གྱི་ཚོར་བ་ལ་བརྒྱུས་ནས་མང་དུ་བརྗོད་ཡོད་དེ། གཞན་ཕ་ཡུལ་ནི་མིའི་སེམས་ཀྱི་སྙིང་སྟོབས་དང་ཤེས་རབ་ཀྱི་འབྱུང་ཁུངས་ཡིན་པའི་གནས་ལུགས་བརྗོད་ཡོད་དེ། ཁྱེད་ཀྱི་གཤིན་ས་མཉེན་མོའམ། ཁྱེད་ཀྱི་ཆོས་ཉིད་ཟབ་མོས། ང་ལ་རྟག་ཏུ་ཕ་ཡུལ་འདིའི་རུམ་ཁོངས་སུ་སྦས་པའི། འཇིག་རྟེན་བཞིན་རྒྱ་ཆེ་ཞིང་། འཇིག་རྟེན་བཞིན་གཏིང་ཟབ་པའི། མི་ཆོས་ལོ་རྒྱུས་ཀྱི་དྲན་ཤིང་འདེགས་སུ་བཅུག་ཅིང་། སྐྱེས་ཁམས་དག་གཙང་གི་སྨོན་འདུན་འཚོལ་དུ་བཅུག གཅན་མེ་སྟག 《ཁྱེད་དང་ངའི་ནར་སོན་གྱི་ལོ་ཟླ》⑩ང་ཚོ་མི་བུ་རེ་རེའི་སེམས་ཀྱི་གཏིང་རུམ་ནས་ཕ་ཡུལ་ནི་ནམ་ཡང་སེམས་ཀྱི་ལོག་མལ་དྲོན་པོ་སྟེ། སྐྱིད་པའི་དུས་སུ་ཕ་ཡུལ་མི་བརྗེད་ཅིང་སྡུག་པའི་དུས་སུའང་ཕ་ཡུལ་དྲན་འོང་བ་ནི་ཆོས་ཉིད་ལྟ་བུར་གྲུབ་ཡོད་དེ།“ང་ཚོ་སུ་ལ་མཚོན་ནའང་གནས་གང་ལ་ཕྱིན་ཀྱང་ཕ་ཡུལ་ནི་དུས་གཏན་དུ་རང་སེམས་ཀྱི་མེ་ལོང་ངོས་སུ་གསུབ་ཐབས་བྲལ་བའི་དྲན་ཤིང་ཡིན། རོང་འབྲོག་གཉིས་སུ་ཕྱེ་བའི་བོད་ཡུལ་གྱི་གནས་བབ་དང་བསྟུན་པའི་ཐོན་སྐྱེད་བྱེད་ལུགས་ཀྱིས་གཞི་རྐང་གཅིག་དང་ཁྱད་ཆོས་སོ་སོར་ཡོད་པའི་རིག་གནས་ཀྱི་ཁོར་ཡུག་ཅིག་བསྐྲུན་འདུག” 11པ་ལ་འདིར་ཕ་ཡུལ་གཤིན་ས་དང་རྣང་ཞིང་གིས་མཚོན་པའི་ཕ་ཡུལ་གྱི་རི་གྲོང་ཐམས་ཅད“དེ་འདྲའི་ཞི་ཞིང་འཇམ”ལ“དེ་འདྲའི་སྒམ་ཞིང་བརླིང”བའི་ཟིལ་ཤུགས་ཀྱིས་ཕ་ཡུལ་གྱིས་ཁོ་ལ་སྦྱིན་པ་ནི་དག་གཙང་དང་སྨོན་འདུན། འཛུམ་མདངས་དང་དྲང་བདེན་འབའ་ཞིག་ཡིན་པས་ན་ཕྱི་རོལ་གྱི་ཡུལ་ཁམས་གང་ཡིན་ཡང་འབད་འབུངས་དང་འཚོལ་སྙེག་བྱེད་སའང་རྣམ་དག་དང་དགེ་བའི་ལས་ཡིན་པས་ན། ཕ་ཡུལ་ནི་དངོས་ནས་དགོས་འདོད་ཀུན་འབྱུང་གི་དཔག་བསམ་ལྗོན་ཤིང་དེ་ཡིན་འདུག དེ་ནི་གནས་ལུགས་ཤིག་ཏུ་གྲུབ་འདུག་གོ ། རམས་ཚེ་བྷོའི《ཞིང་གྲོང་གི་སྙན་ངག》ལས་ཕ་ཡུལ་ཞིང་གྲོང་གི་འཚོ་བ་ནི་དཀའ་སྡུག་གི་འཚོ་སྟངས་ཤིག་ཡིན་པ་དང་། ཕ་ཡུལ་ན“ཐོད་གཉེར་ལ་རི་མོ་བྲིས་པའི་ཕ་མ”དང་།དུས་ཚིགས་གང་དུ་ཡང་རྔུལ་ཆུའི་ཁྲུས་ལ་ཞུགས་པའི་གཅེན་གཅུང་དག་ལས་མེད་ཀྱང་། དེ་དག་ནི་རང་ཉིད་ཀྱི་དེ་རིང་གི་བདེ་སྐྱིད་དང་འཛུམ་མདངས། དགོད་སྒྲ། རྒྱུ་ནོར། སྙིང་སྟོབས། ཤེས་རབ་སོགས་ཀྱི་འབྱུང་ཁུངས་ཡིན་པའི་གནས་ལུགས་བརྗོད་ཡོད། གཞན་ཡང་གཅན་མེ་སྟག་གི་བརྩམས་ཆོས《བརྩེ་དུངས་ཀྱི་སླད་དུ》ཞེས་པའི་སྙན་རྩོམ་འདི་ཡང་གཤིས་ལུགས་བརྗོད་པའི་སྙན་ངག་གི་ཁོངས་སུ་གཏོགས་ཏེ།“བདེན་ཏེ། བརྩེ་དུངས་ཀྱི་སླད་དུ། /ངས་ཁྱེད་ཀྱི་མདུན་དུ་པུས་མོ་ས་ལ་བཙུགས།/བླ་མེད་ཀྱི་དངོས་གྲུབ་རེ་བའི་དད་ལྡན་པ་བཞིན།/ཐལ་མོ་སྙིང་གར་སྦྱོར་བའི་ཉམ་ཆུང་གི་ཞུ་བ་དངོས་སུ་ཕུལ་མྱོང་།/”ཞེས་ལྷད་མེད་དྭངས་གཙང་གི་བརྩེ་དུངས་ཤིག་གི་ཆེད་དུ་ང་ཚོ་མི་སུ་ཡིན་ཡང་རེ་བ་ཆེན་པོ་བྱེད་ངེས་ཤིང་། བརྩོན་ལེན་ནན་མོ་བྱེད་དགོས་པས་པུས་མོ་སར་འཛུགས་དགོས་ཀྱང་ཕངས་སེམས་ཅི་ཡང་ཡོད་མི་རུང་བའི་གནས་ལུགས་བརྗོད་ཡོད་སྙམ། རྩོམ་འདིའི་མགོ་ནས་མཇུག་བར་དུ་བརྩེ་དུངས་ཀྱི་ཆེད་དུ་རྩོམ་པ་པོས་པུས་མོ་སར་བཙུགས་ནས་ཞུ་བ་འབུལ་བའི་རྣམ་པ་བྲིས་ཡོད་ལ། སྤྱིར་འཇིག་རྟེན་ཕོ་མོའི་བརྩེ་དུངས་ཀྱི་ཆེད་དུ་པུས་མོ་སར་གཟུགས་རྒྱུ་ནི་བོད་མི་སྤྱིའི་སེམས་ཁམས་དང་མཛེས་དཔྱོད་ཀྱི་གོམས་གཤིས་ལས་འདའ་བ་ཞིག་ཏུ་སྣང་མོད། རིག་གནས་སྣ་མང་གི་བློ་སྦྱོང་ཐོབ་པའི་མི་རབས་འདིར་མཚོན་ན་དེ་འདྲའི་བློ་ངོར་མི་ཤོང་བའི་ཚད་ནས་འགོངས་ཡོད་འདུག སྙན་རྩོམ་འདིའི་མཇུག་ཏུ“སྐབས་འདིར་པུས་མོ་ལ་ན་ཟུག་ཅུང་ཙམ་བྱུང་སྟེ།/དྲན་པ་རུའང་། /ཡིན་ན་ཡང་། བརྩེ་དུངས་ཀྱི་སླད་དུ། /ངས་ངོ་མ་ལང་ཚོ་དང་ཡིད་སེམས་ཡོད་ཚད་གཏོང་དགོས།/”ཞེས་བརྩེ་དུང་གནད་མ་ཞིག་གི་ཆེད་དུ་རང་ཉིད་ཀྱི་ལང་ཚོ་དང་སེམས་ཤུགས་གང་མང་འདོན་འོས་པའི་གནས་ལུགས་བརྗོད་ཡོད་དོ། །
①བདུད་ལྷ་རྒྱལ། བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་དཔྱད་པ། 2005ལོ། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P361
②འཇུ་སྐལ་བཟང་། རྒོད་པོ་དང་ནམ་མཁའ། [J]1988ལོའི་སྦྲང་ཆར་དེབ་དང་པོ། P32
③བདུད་ལྷ་རྒྱལ། བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་དཔྱད་པ། 2005ལོ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P361
④ཚེ་གྲུབ། སོ་ལྟ་དང་གཟབ་ཉན། 2005ལོ། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P43
⑤འཇུ་སྐལ་བཟང་། དགེ་འདུན་ཆོས་འཕེལ། [J]1991ལོའི་སྦྲང་ཆར་དེབ་དང་པོ། P84
⑥ཚེ་གྲུབ། སོ་ལྟ་དང་གཟབ་ཉན། 2005ལོ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P62
་⑦ ཚེ་གྲུབ། སོ་ལྟ་དང་གཟབ་ཉན། 2005ལོ། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P148
⑧བདུད་ལྷ་རྒྱལ། བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་དཔྱད་པ། 2005ལོ། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P372
⑨ ན་རོ། དུས་རབས21པའི་རྩོམ་པ་པོའི་དེབ་ཕྲེང་། གྱང་ཆག 2014ལོ། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P5
⑩གཅན་མེ་སྟག དུས་རབས21པའི་རྩོམ་པ་པོའི་དེབ་ཕྲེང་། ཚེར་སིལ་སྐྱ་བོ། 2011ལོ། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P256
11. ཚེ་གྲུབ། སོ་ལྟ་དང་གཟབ་ཉན། 2005ལོ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P212


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1