སྐད་གཉིས་སློབ་གསོའི་ལྡུམ་ར་རྔ་བ་བོད་ཡིག་སློབ་འབྲིང་།

ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-16


    སྤྱི་ཟླ་6པའི་ཚེས་14ཉིན་གྱི་ཉིན་གུང་ཙམ་ལ་རྔ་བ་ཁུལ་བོད་ཡིག་སློབ་འབྲིང་དུ་ཐོན། སློབ་གྲྭའི་ཕྱིའི་བཀོད་པ་ཉམས་དགའ་ཞིང་། སློབ་མ་ཚོའི་དཔེ་ཀློག་གི་སྒྲ་གདངས་དེ་མཛེས་སྡུག་ལྡན་པའི་སློབ་གྲྭའི་ཁོར་ཡུག་དང་ལྷན་དུ་བསྡེབས་ཚེ་ཁོ་བོའི་སེམས་སུ་ལྷིང་འཇགས་ཀྱི་ཚོར་སྣང་ཞིག་ངང་གིས་སྐྱེས་བྱུང་ལ། ལག་ལ་དཔེ་ཆ་བཟུང་ཞིང་གུས་ཞབས་དང་ཡ་རབས་ཚུལ་ལྡན་གྱི་སྤྱོད་བཟང་ལྡན་པའི་སློབ་བུ་ཚོའི་ལྷད་མེད་ཀྱི་ངོ་གདོང་མཐོང་དུས། རྔ་ལྗོངས་གཡང་གི་ཕྱུག་མོའི་མ་འོངས་པའི་འཕེལ་རྒྱས་ནི་ཁོ་ཚོའི་ཕྲག་ཏུ་ཡོད་ཅིང་། སྐད་གཉིས་སློབ་གསོའི་གཟི་བྱིན་འོག་ཞིང་འབྲོག་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཤེས་ལྡན་མི་སྣ་ཆར་རྗེས་ཀྱི་ཤ་མོ་ལྟར་རྡོལ་བར་ཡིད་ཆེས་སྐྱེས། སློབ་ཁྲིད་ཐོག་ཁང་གི་གྱང་ངོས་སུ་གངས་ཏི་སེ་དང་བརྗིད་ཆགས་ཕོ་བྲང་དམར་པོ་སོགས་ཀྱི་འདྲ་རིས་བྲིས་འདུག་ལ། དེ་དག་ཕར་བལྟས་ན་འདྲ་རིས་ཙམ་ཡིན་ཀྱང་དོན་དངོས་སུ་སློབ་མ་ཚོ་ལ་སྲོལ་རྒྱུན་རིག་གནས་ཀྱི་འབྱུང་ཁུངས་གང་ཡིན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བློ་གྲོས་ནི་གཞན་དྲིང་འཇོག་མི་དགོས་པ་ཞིག་ཡིན་པ་ར་སྤྲོད་བྱས་ཤིང་། ན་གཞོན་སློབ་མ་རྣམས་ཀྱི་རིག་གནས་ཀྱི་གདེང་ཚོད་མཐོ་འདེད་བཏང་འདུག །

    སློབ་ཁྲིད་ཐོག་ཁང་གི་ཁང་རྩེག་དང་པོའི་སློབ་ཁང་ཞིག་གི་མདུན་སྒོ་ནས་བག་སྟེ་ཡུད་ཙམ་བལྟས་པས། དགེ་རྒན་གཞོན་ནུ་མ་ཞིག་གིས་སྨྱན་མང་གཟུགས་བེད་སྤྱོད་ནས་བོད་སྐད་ཀྱིས་རྫས་འགྱུར་སློབ་ཁྲིད་བྱེད་བཞིན་འདུག་ལ། འོག་གི་སློབ་མ་ཚོས་ནན་ནན་ཏན་ཏན་གྱིས་སློབ་ཁྲིད་ཉན་ཚུལ་ལ་བལྟས་ན། འཆར་ངོས་སུ་བྲིས་པའི་དབྱང་དབུགས་སོགས་ཀྱི་གཞི་རྒྱུའི་མཚོན་རྟགས་གསལ་བྱེད་དེ་ཚོ་སློབ་མ་རྣམས་ཀྱི་བློ་ལ་ངེས་ཤིང་དེ་དག་གི་དོན་རྟོགས་བཞིན་པ་ཤེས་སླ།
    རྒྱུས་ལོན་བྱུང་བ་ལྟར་ན། རྔ་བ་བོད་ཡིག་སློབ་འབྲིང་ནི་སྤྱི་ལོ་1983ལོར་བཙུགས་ཤིང་། དེ་ནས་རྔ་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། རྔ་བ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག་སྤྱི་ལོ་2014ལོར་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་ཁུལ་གསར་པ་འཛུགས་སྐྲུན་བྱས་ཤིང་། སློབ་གྲྭ་དེ་རྣམ་པ་གསར་པ་ཞིག་ཏུ་གྲུབ། ད་ལྟ་སློབ་གྲྭ་ཡོངས་ལ་འཛིན་གྲྭ་66ཡོད་པ་དང་དམའ་འབྲིང་དང་མཐོ་འབྲིང་གཉིས་ལ་བསྡོམས་པས་སློབ་མ་3300ལྷག་ཡོད་ཅིང་། སློབ་མ་དེ་དག་ནི་རྔ་བ་རྫོང་གི་གྲོང་རྡལ་དང་ཡུལ་ཚོ་21གཙོ་བོ་བྱས་པའི་ཉེ་འགྲམ་གྱི་ཁྱུང་མཆུ་རྫོང་དང་མཛོད་དགེ་རྫོང་སོགས་ནས་ཡོང་བ་རེད་འདུག །

    སློབ་གྲྭ་གསར་དུ་བཙུགས་སྐབས་སློབ་མ་སུམ་ཅུ་ནས་བཞི་བཅུ་ཙམ་གྱིས་གྲུབ་པའི་འཛིན་གྲྭ་གཅིག་ལས་མེད། དེང་སང་སློབ་གྲྭ་ཡོངས་ལ་འཛིན་གྲྭ་66ཡོད་པ་དང་དམའ་འབྲིང་དང་མཐོ་འབྲིང་གཉིས་ཀ་ཡོད། སློབ་གྲྭ་འདི་ནས་གཙོ་བོ་སྐད་གཉིས་ལམ་ནས་སློབ་ཁྲིད་བྱེད་བཞིན་ཡོད་པས། རྔ་བ་རྫོང་དང་ཐ་ན་རྔ་བ་ཁུལ་ཡོངས་ལ་སྐད་གཉིས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཤེས་ལྡན་མི་སྣ་གང་མང་ཞིག་སྐྱེད་སྲིང་བྱས་དང་བྱེད་བཞིན་ཡོད་ཅེས་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་སྤྱི་གཞོན་པ་སྦྱིན་པས་གསར་འགོད་པ་ལ་ལབས་བྱུང་། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1