གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༡༦ཉིན།

༄༅།།ནུས་པ་མེད་པའི་ཁ་ཆེམས་རིགས་འགའ།

        མི་མང་པོ་ཞིག་གིས་རང་ཉིད་ཀྱིས་དངོས་སུ་བྲིས་པ་དང་།དཔང་མི་ཡོད་པ། རང་ཉིད་ཀྱིས་དངོས་སུ་མིང་རྟགས་བཀོད་པ།ནང་དོན་གསལ་པོ་ཡིན་པ་བཅས་ཀྱི་ཆ་རྐྱེན་འཛོམས་པའི་ཁ་ཆེམས་ཡི་གེ་ནི་ནུས་ལྡན་ཡིན་པར་འདོད་ཀྱིན་ཡོད། དོན་དངོས་སུ། ཁ་ཆེམས་ཡི་གེ་ལ་ཚད་ལྡན་གྱི་འབྲི་སྲོལ་དང་ཚད་གཞི་ཡོད། བརྟག་ཞིབ་བྱས་པ་ལྟར་ན། ཁྲིམས་ཁང་གིས་བདག་སྤྲོད་བྱས་པའི་ཁ་ཆེམས་ལྟར་རྒྱུན་འཛིན་བྱེད་པའི་གྱོད་དོན་ཁྲོད། 60%ཡི་ཁ་ཆེམས་ཡི་གེ་ནི་ནུས་མེད་དུ་གྱུར་ཡོད།

གཅིག “ང་རང་མེད་རྗེས”སོགས་ཀྱི་སྐད་ཆ་སྤྱད་པ།
        ཁྲིམས་དོན་མི་སྣས་བཤད་པ་ལྟར་ན། རྒན་པ་མང་ཤས་ཤིག་གིས་ཁ་ཆེམས་ཡི་གེ་འབྲི་བའི་གོ་རིམ་ཁྲོད།“ང་རང་མེད་རྗེས”དང་ཡང་ན“ང་རང་སོང་རྗེས”སོགས་ཀྱི་སྐད་ཆ་སྤྱོད་ཀྱིན་ཡོད་མོད། འོན་ཀྱང་སྐད་ཆ་དེ་གཉིས་ཀྱིས་ཚེ་ལས་འདས་པ་མཚོན་མི་ཐུབ། བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། རྒྱུན་འཛིན་ནི་ཤི་རྗེས་ད་གཟོད་བྱུང་བ་ཞིག་ཡིན་པས། མཚོན་དོན་མི་གསལ་བའི་སྐད་ཆ་དེའི་རིགས་ནི་ནུས་མེད་ཡིན་ནོ། །

གཉིས། རང་འདོད་ལྟར་བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་ཐག་གཅོད་བྱས་པ།
        ཨ་ཁུ་ཚེ་དཔག་སྐྱབས་ཚེ་ལས་མ་འདས་པའི་སྔོན་ལ། ཁ་ཆེམས་ཡི་གེ་ཞིག་བྲིས་ནས་རང་ཉིད་དང་བཟའ་ཟླ་རིག་འཛིན་སྐྱིད་གཉིས་ཀ་ད་ལྟ་བསྡད་ཡོད་པའི་སྡོད་ཁང་དེ་ཚ་བོར་འཇོག་རྒྱུ་བྱས་ཡོད།ཡིན་ནའང་ཁྲིམས་ཁང་གིས་ཁ་ཆེམས་ཡི་གེ་དེ་ནུས་མེད་ཡིན་པར་ཐག་བཅད།རྒྱུ་མཚན་ནི་ཁ་ཆེམས་ཡི་གེའི་སྟེང་བྲིས་ཡོད་པའི་སྡོད་ཁང་དེ་ནི་ཨ་ཁུ་ཚེ་དཔག་སྐྱབས་དང་ཨ་ནེ་རིག་འཛིན་སྐྱིད་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་པས། ཨ་ཁུ་ཚེ་དཔག་སྐྱབས་ཀྱིས་རང་ཉིད་ལ་མི་དབང་བའི་རྒྱུ་ནོར་དེ་ཁ་ཆེམས་ཡི་གེའི་ནང་དུ་བྲིས་པ་རེད།《གཉེན་འབྲེལ་བཅའ་ཁྲིམས》ཀྱི་ནང་དུ“བཟའ་ཟླ་གཉིས་ཀྱི་གཉེན་སྒྲིག་འབྲེལ་བ་གནས་པའི་སྐབས་སུ་ཐོབ་པའི་རྒྱུ་ནོར་ཡོད་ཚད་ནི་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་ཡིན་པ”གཏན་འཁེལ་བྱས་ཡོད།དེའི་ཕྱིར།ཁ་ཆེམས་སྟེང་བྲིས་པའི་སྡོད་ཁང་དེ་ནི་ཨ་ཁུ་ཚེ་དཔག་སྐྱབས་དང་ཨ་ནེ་རིག་འཛིན་སྐྱིད་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་པ་དང་། ཨ་ཁུ་ཚེ་དཔག་སྐྱབས་ཀྱི་ཁ་ཆེམས་དེས་ཨ་ནེ་རིག་འཛིན་སྐྱིད་ལ་དབང་བའི་རྒྱུ་ནོར་གྱི་ཆ་ཤས་དེ་ཡང་ཐག་གཅོད་བྱས་ཟིན་པས་ནུས་མེད་ཡིན་ནོ། །

གསུམ། ཀླད་པར་གཟའ་གྲིབ་ཕོག་པ་སོགས་ཀྱི་གནས་ཚུལ་འོག་ཁ་ཆེམས་ཡི་གེ་བྲིས་པ།
        བསོད་ནམས་སྒྲོལ་མའི་ཕ་རྒན་ཚེ་ལས་འདས་སྔ་བས། མ་རྒན་གྱི་མིང་ཐོག་ཏུ་སྡོད་ཁང་ཞིག་ཡོད། དུས་རྒྱུན་གཅེན་གཅུང་བཞིས་རེས་མོས་ཀྱིས་མ་རྒན་ལ་སྙོར་སྐྱོང་བྱེད་ཀྱིན་ཡོད། བསོད་ནམས་སྒྲོལ་མའི་གཅེན་མོ་གཉིས་པ་མ་རྒན་དང་མཉམ་དུ་བསྡད་ཡོད། མ་རྒན་ཚེ་ལས་འདས་རྗེས། གཅེན་མོ་གཉིས་པས་མ་རྒན་གྱིས་བྲིས་པའི་ཁ་ཆེམས་ཡི་གེ་ཞིག་ཁྱེར་ཡོང་བ་ལ་གཅེན་གཅུང་གཞན་པ་རྣམས་ཀྱིས་ཁས་མ་བླངས། ཁྲིམས་ཁང་གིས་ཡིག་གཟུགས་ལ་བརྟག་དཔྱད་བྱས་རྗེས། ཁ་ཆེམས་ཡི་གེ་དེ་ནི་མ་རྒན་གྱི་ཡིག་གཟུགས་ཡིན་པར་ངོས་བཟུང་མོད། འོན་ཀྱང་གཅེན་གཅུང་གཞན་པ་རྣམས་ཀྱིས་ཁ་ཆེམས་ཡི་གེའི་སྟེང་ཟླ་ཚེས་བཀོད་པའི་དུས་ནི་མ་རྒན་ལ་ཏག་ཏག་ཀླད་པའི་གཟའ་གྲིབ་ཕོག་ཡོད་པའི་སྐབས་ཡིན་པས། རྣམ་རིག་གསལ་པོ་མིན་པའི་དཔང་རྟགས་བསྟན། ཁྲིམས་ཁང་གིས་བརྟག་དཔྱད་བྱས་པ་བརྒྱུད་དོན་དངོས་ཀྱང་དེ་ལྟར་ཡིན་པ་བདེན་དཔང་བྱས།མཇུག་མཐར་ཁྲིམས་ཁང་གིས་ཁ་ཆེམས་ཡི་གེ་དེ་ནུས་མེད་ཡིན་པར་ཐག་བཅད།
        ཁྲིམས་དོན་མི་སྣས་བསྟན་དོན། བཅའ་ཁྲིམས་ནང་གི་གཏན་འཁེལ་ལྟར་ན། ཁ་ཆེམས་ཡི་གེ་འཇོག་པའི་མི་དེ་སེམས་ཁམས་དང་ལུས་པོ་གང་གི་ཕྱོགས་ནས་ཀྱང་ངེས་པར་རྒྱུན་ལྡན་དང་བདེ་ཐང་ཡིན་དགོས་ལ།དེ་མིན་ན་ཁ་ཆེམས་ཡི་གེ་དེ་ནུས་མེད་ཡིན། རྩོད་གཞི་མི་བསླང་བའི་ཆེད་དུ། ཁ་ཆེམས་འཇོག་མཁན་གྱིས་ཁ་ཆེམས་མ་བཞག་པའི་སྔོན་ལ། སྨན་ཁང་དུ་སོང་ནས་སེམས་ཁམས་བདེ་ཐང་ལ་བརྟག་དཔྱད་བྱས་ན་བཟང་།

བཞི། ཁ་ཆེམས་ཡི་གེ་བྲིས་རྗེས་གྲོགས་པོའི་ལག་ཏུ་བཞག་པ།
        ཨ་ནེ་གཡང་སྐྱིད་ཀྱི་བཟའ་ཟླ་སྔ་མོ་ནས་ཚེ་ལས་འདས་ཟིན་པ་དང་། ཁོ་མོར་བུ་གཅིག་དང་བུ་མོ་གཉིས་ཡོད། མོས་ཁ་ཆེམས་ཡི་གེ་ཞིག་བྲིས་ནས་སྡོད་ཁང་དང་གསོག་དངུལ་ཡོད་ཚད་བུ་ཕྲུག་གསུམ་པོར་འཇོག་རྒྱུ་བྱས་ཡོད། མོས་ཁ་ཆེམས་ཡི་གེ་དེ་གྲོགས་པོ་ཞིག་གི་ལག་ཏུ་བཞག་པར་མ་ཟད། བུ་ཕྲུག་གསུམ་པོར་གནས་ཚུལ་དེ་ཇི་བཞིན་དུ་བཤད་པ་རེད། ཨ་ནེ་གཡང་སྐྱིད་ཚེ་ལས་འདས་རྗེས། བུ་ཕྲུག་གསུམ་པོས་ཁ་ཆེམས་ཡི་གེར་བསུབ་བཅོས་བྱས་པའི་རྗེས་ཤུལ་ཡོད་པ་ཚོར་ཞིང་། མ་གཞི་ཆ་སྙོམས་ཀྱིས་བགོས་ཡོད་པའི་ཤུལ་ནོར་དེ་བུས་ཕྱེད་ཀ་དང་བུ་མོ་གཉིས་ཀྱིས་འཕྲོ་མའི་ཕྱེད་ཀ་དེ་མཉམ་བགོ་བྱེད་དགོས་པར་འགྱུར་འདུག དེ་བས་བུ་མོ་གཉིས་ཀའི་སེམས་ལ་ནུ་བོས་ཁ་ཆེམས་ཡི་གེ་བསུབ་བཅོས་བྱས་ཡོད་པར་འདོད།
        ཁྲིམས་དཔོན་གྱིས་བསྟན་དོན། ཁ་ཆེམས་ཡི་གེ་དེ་བར་གནས་ཀྱི་མི་གསུམ་པ་དེའི་ལག་ཏུ་མ་བཞག་པའི་དབང་གིས། བསུབ་བཅོས་བྱས་ཡོད་སྲིད་པ་རེད། ཁྲིམས་ཁང་གིས་བདག་སྤྲོད་བྱས་རྗེས། ཡིག་གཟུགས་ལ་གསལ་འབྱེད་བྱས་པ་ན། བསུབ་བཅོས་བྱས་པའི་ཡིག་གཟུགས་དེ་ནི་དངོས་གནས་ཨ་ནེ་གཡང་སྐྱིད་ཀྱི་ཡིག་གཟུགས་མིན་པས། ཁ་ཆེམས་ཡི་གེ་དེ་ནུས་མེད་ཡིན་པར་ཐག་བཅད་དེ། མཇུག་མཐར་ཁྲིམས་བཀོད་ཀྱི་རྒྱུན་འཛིན་རིམ་པ་ལྟར་རྒྱུན་འཛིན་བྱེད་དུ་བཅུག
        གོང་གི་དེ་དག་ལས་གཞན་ད་རུང་ནུས་མེད་ཡིན་པའི་ཁ་ཆེམས་ཡི་གེ་རིགས་དགུ་ཡོད་པ་སྟེ། ཁ་ཆེམས་འཇོག་མཁན་ཡིག་རྨོངས་ཡིན་པ་དང་ཕཱ་ཅིན་སིན་སོགས་ཀྱི་དབང་རྩའི་མ་ལག་གི་ནད་བྱུང་བ། ཞ་ར་དང་འོན་པ་ཡིན་པ། རིག་པ་མི་གསལ་བའི་དབང་གིས་རྒྱུན་ལྡན་གྱི་ཁ་བརྡ་བྱེད་མི་ཐུབ་པ། ཡི་གེ་འབྲི་བའི་ནུས་པ་མེད་པ།རྒྱང་སྒྲིབ་དང་ཡང་ན་ལིང་ཏོག་མིག་ནད་ཚབས་ཆེན་ཡོད་པ། ཡི་གེ་འབྲི་བའི་ནུས་པར་ཚོད་འཛིན་ཐེབས་པ། ལག་པ་འདར་བ་དང་རྐང་ལག་གི་ནད་ལྕི་མོ་ཕོག་ཡོད་པའི་དབང་གིས་མིང་རྟགས་འགོད་མི་ཐུབ་པ། དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའམ་ཡང་ན་དམངས་དོན་བྱ་སྤྱོད་ལ་ཚོད་འཛིན་ཐེབས་ཏེ། རང་ཉིད་ཀྱི་བྱ་སྤྱོད་ངོས་འཛིན་བྱེད་མི་ཐུབ་པ། རང་ཉིད་ལ་སྒེར་གྱི་རྒྱུ་ནོར་མེད་པ་བཅས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1