ཨ་རིའི་སྤྱི་དམངས་ཤིག་གིས་གསང་མྱུལ་གྱི་ནག་ཉེས་བསགས་པས་ཨུ་རུ་སུས་ལོ་16བཙོན་འཇུག་གི་ཁྲིམས་ཆད་བཅད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-17



 
   ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་6ཚེས་15ཉིན། ཨུ་རུ་སུའི་མོ་སི་ཁོ་གྲོང་ཁྱེར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཚེས་15ཉིན་ཁྲིམས་ཐག་ཆད་དོན། ཨ་རིའི་སྤྱི་དམངས་པའོ་ལའོ་·ཧུའེ་ལན་གྱིས་གསང་མྱུར་གྱི་ནག་ཉེས་བསགས་པས། ལོ་16དུས་བཀག་བཙོན་འཇུག་བྱས་པར་ཧུའུ་ལན་གྱི་ཁྲིམས་རྩོད་པའི་དཔུང་ཁག་གིས་ཁྲིམས་བཅད་འདི་གོང་གཏུག་བྱ་རྒྱུའི་ཐག་བཅད་ཡོད་པ་རེད། 
   མོ་སི་ཁོ་གྲོང་ཁྱེར་གྱི་ཆེས་མཐོའི་ཁྲིམས་ཁང་གི་དྲ་ཚིགས་ཐོག་དེ་ཉིན་གནས་ཚུལ་འདི་ཁྱབ་བསྒྲགས་བྱས་པ་དང་། གྱོད་དོན་འདི་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་པས་ཡོངས་གྲགས་ངང་ཞིབ་གཅོད་བྱས་མེད་ཅེས་བསྟན་ཡོད་པ་རེད། 
    ཚེས་15ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ལི་ཡ་པུའུ་ཁོའོ་ཕུའུ་ཡིས། ཨུ་རུ་སུ་ཕྱོགས་ཀྱིས་དེ་གོང་ཨ་རི་ཕྱོགས་ལ་ཨུ་རུ་སུར་ཁྲིམས་ཆད་འཁུར་བཞིན་པའི་ཨ་རིའི་སྤྱི་དམངས་དང་ཨ་རིར་ཁྲིམས་ཆད་འཁུར་བཞིན་པའི་ཨུ་རུ་སུའི་སྤྱི་དམངས་བརྗེ་རེས་བྱ་རྒྱུའི་གྲོས་འགོ་བཏོན་ཡོད་ཅེས་བརྗོད།
   ཐ་སི་གསར་འགྱུར་ཁང་གིས་ཚེས་15ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཧུའེ་ལན་གྱི་ལས་ཚབ་ཁྲིམས་རྩོད་པ་རེ་ལེ་པན་ཁོའོ་ཕུའུ་ཡིས་ཧུའེ་ལན་གྱིས་ད་ཐེངས་ཀྱི་ཁྲིམས་ཆད་ལ་བཏོན་པའི་བསམ་འཆར་བསྡུ་ལེན་བྱས་རྗེས། དེའི་ཁྲིམས་རྩོད་པའི་རུ་ཁག་གིས་གོང་གཏུག་བྱ་རྒྱུའི་ཐག་བཅད་པ་རེད། ཧུའེ་ལན་དང་ཨ་རིར་ཁྲིམས་ཆད་འཁུར་བཞིན་པའི་ཨུ་རུ་སུའི་སྤྱི་དམངས་བརྗེ་པོ་རྒྱག་ཆོག་མིན་དེ་གོང་གཏུག་བྱས་ཟིན་པ་དང་ཧུའེ་ལན་གྱི་ཁྲིམས་ཆད་ནུས་པ་ཐོན་རྗེས་གཞི་ནས་གནད་དོན་དེ་ཐག་གཅོད་བྱེད་དགོས་པ་བསྟན།
    ཨ་རིའི་རྒྱལ་དོན་བློན་ཆེན་ཕུང་ཕེ་ཨའོ་ཡིས་དེ་ཉིན་གསལ་བསྒྲགས་སྤེལ་ནས་བརྗོད་དོན། ཨ་རི་ཕྱོགས་ཀྱིས་ཨུ་རུ་སུའི་ཁྲིམས་ཁང་གིས་གསང་བའི་འདྲི་གཅོད་བྱས་རྗེས་ཧུའེ་ལན་ལ་ཁྲིམས་ཆད་བཅད་པར་ཁོང་ཁྲོ་ཆེན་པོ་བྱེད་པ་དང་། ཨུ་རུ་སུ་ཕྱོགས་ཀྱིས་ཧུའེ་ལན་གྱི་དྲང་གཞག་འདྲི་གཅོད་དབང་ཆ་བཙན་འཕྲོག་བྱས་པར་དོ་ཁུར་ཆེན་པོ་བྱེད་པ་མ་ཟད། ཨུ་རུ་སུ་ཕྱོགས་ཀྱིས་འཕྲལ་མར་ཧུའེ་ལན་གློད་འགྲོལ་གཏོང་རྒྱུའི་རེ་བ་བཏོན་ཡོད། 
    ཧུའེ་ལན་ད་ལོ་ལོ་50ཡིན་ཞིང་། དབྱིན་ཇི་དང་། ཁ་ན་ཏ། ཨིར་ལན་བཅས་ཀྱི་རྒྱལ་ཁོངས་ཡོད། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུས་ཀྱིས་2018ལོའི་ཟླ་12པར་མོ་སི་ཁོ་ནས་ཧུའེ་ལན་འཛིན་བཟུང་བྱས་ཏེ་ཁོ་བོས་གསང་མྱུལ་གྱི་བྱེད་སྤྱོད་སྤེལ་བའི་ངོས་འཛིན་བྱས་པ་རེད། ཧུའེ་ལན་གྱིས་ཨུ་རུ་སུ་ཕྱོགས་ཀྱི་ངོས་འཛིན་ཁས་བླངས་མེད་པ་དང་། ཁོ་བོས་ཨུ་རུ་སུར་ཡོང་དོན་ནི་གྲོགས་པོའི་གཉེན་སྟོན་ལ་ཞུགས་ཆེད་ཡིན་པ་བཤད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1