ཇོ་མོ་གླང་མར་འཛེགས་རྗེས། ཁོང་རང་ཁྱིམ་དུ་ལོག་ནས་རྫི་བོ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-18



    


  ཇོ་རིའི་འདབས་ཀྱི་གཏམ་རྒྱུད། 

   ཇོ་རིར་འཛེགས་མྱོང་བའི་སྐལ་བཟང་གི་ཁྱིམ་ནི་བོད་ལྗོངས་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་རྫ་ཕུ་གྲོང་ཚོར་ཡོད། འདི་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཇོ་མོ་གླང་མ་དང་ཆེས་ཐག་ཉེ་བའི་སྲིད་འཛིན་གྲོང་ཚོ་ཞིག་རེད། རྒྱ་མཚོའི་ངོས་ལས་ཆ་སྙོམས་ས་བབས་མཐོ་ཚད་ལ་སྨི་5000ཡོད་ཅིང་། སྐལ་བཟང་གིས་ས་བབས་མཐོ་བའི་འབྲོག་ར་འདིར་ལོ་བཅུ་ཕྲག་རིང་འཚོ་བ་སྐྱེལ་ཡོད།
   འབྲེལ་ཡོད་སྦྱོང་བརྡར་གཏན་ནས་བྱེད་མྱོང་མེད་པའི་འབྲོག་པ་དེས་ཇོ་མོ་གླང་མར་འཛེགས་པ་ནི་མི་མང་པོས་བལྟས་ན་དེ་ནི་གཏམ་རྒྱུད་ལྟ་བུ་ཞིག་རེད།  

   “གོ་མྱོང་ཡོད། མཐོང་མྱོང་མེད། དངོས་འབྲེལ་མི་དེ་འདྲ་ཞིག་ཡོད་དམ།”ཞེས་བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱི་འབྲེལ་གཏུག་པ་བསོད་ནམས་ཅུང་ཧང་སངས། ཁོང་གིས་ངོ་སྤྲོད་བྱས་དོན། ཀྲུང་གོ་ཕྱོགས་ཀྱི་བྱང་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུའི་རེ་ཞུ་བྱེད་པར་རྣམ་གྲངས་མང་པོའི་ཆ་རྐྱེན་འཛོམས་དགོས་ཤིང་། རེ་ཞུ་བྱེད་མཁན་ལ་ཆེད་ལས་ལམ་སྣེ་འཁྲིད་མཁན་དགོས་པ་མ་ཟད། ཉུང་མཐར་ཡང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་བརྒྱད་སྟོང་ཡན་གྱི་གངས་རིར་འཛེགས་མྱོང་མཁན་ཡིན་དགོས།

    “ཇོ་རིའི་བྱང་ངོས་སུ་མིག་སྔར་སྐལ་བཟང་ལྟར་གྱི་མིར་སྒོ་འབྱེད་ཀྱི་མ་རེད།”ཅེས་བསོད་ནམས་ཀྱིས་བཤད།
   ཡིན་ནའང་། སྐལ་བཟང་གི་ཇོ་རིར་འཛེགས་མྱོང་བའི་དཔང་ཡིག་ཐོག ཁོང་གིས་2001ལོར་བདེ་བླག་ངང་རི་རྩེར་འཛེགས་ཡོད་ཅེས་བྲིས་འདུག 
   སྐལ་བཟང་གིས། ཁོང་ནི་མིང་ལ་ལའོ་སེར་ཞེས་པའི་ཕྱི་རྒྱལ་བའི་ཚོགས་པ་ཞིག་དང་མཉམ་དུ་རི་རྩེར་འཛེགས་པ་ཡིན་ཟེར།
    “ མ་འཛེགས་ན་ཡོང་བ་བསམ་བྱུང་། ”
    1996ལོ་ནས་2007ལོའི་བར། ནེའུ་ཙི་ལན་གྱི་མི་ལའོ་སེར་གྱིས་ལོ་ལྟར་བྱང་ངོས་ནས་ཚོང་ལས་ཀྱི་རི་འཛེགས་གཉེར་གྱི་ཡོད། བོད་ལྗོངས་ཀྱི་ཚོང་ལས་ལམ་སྣེ་འཁྲིད་མཁན་ཁྲོད་ཀྱི་ཆེས་སྔ་ཤོས་ཀྱི་མི་མང་པོ་སྔོན་ཆད་ཚོགས་པ་དེའི་ནང་དངོས་སྦྱོང་བྱེད་མྱོང་ཡོད་པ་རེད།
    1997ལོར། སྐལ་བཟང་ཡང་ཕ་ཡུལ་གཅིག་པའི་མི་མང་པོ་དང་འདྲ་བར། རང་ཁྱིམ་གྱི་འབྲི་གཡག་དེད་ནས་ཇོ་རིར་དངོས་རྫས་དབོར་བ་དང་། ལའོ་སེར་ཚོགས་པར་ཞབས་ཞུ་བྱས། 2001ལོར། ཀུང་སིར་སྐབས་འཕྲལ་གྱི་རི་རྩེར་དོ་པོ་འཁྱེར་མཁན་ཞིག་དགོས་པས། སྐལ་བཟང་བདམས་ཐོན་བྱུང་བ་རེད།
   “ཕལ་ཆེར་ངའི་གཟུགས་པོ་ཡག་པོ་ཡོད་པས་བདམས་ཐོན་བྱུང་བ་རེད། ”ཅེས་སྐལ་བཟང་གིས་བཤད། དངོས་རྫས་དབོར་སྐྱེལ་བྱ་རྒྱུ་ནི་སྤྱི་བཏང་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་5200ཡི་སྒར་ས་ཆེན་མོ་ནས་སྨི་6500ཡི་མདུན་སྐྱོད་སྒར་སའི་བར་ཡིན། སྤྱི་བཏང་གི་རི་འཛེག་མཁན་ཞིག་གིས་ཉིན་མ་གཉིས་འགོར་གྱི་ཡོད། ཡིན་ན་ཡང་ཁོང་གིས་ཆུ་ཚོད་ལྔ་དྲུག་ནང་སྒྲུབ་ཀྱི་ཡོད། རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་6500ཡན་ནས་གངས་འཁྱགས་ཀྱི་ལམ་དུམ་ལ་ཐོན་པ་དང་། བོད་རིགས་ལམ་སྣེ་འཁྲིད་མཁན་གྱིས་ཁོང་ལ་ག་འདྲ་བྱས་ནས་འཁྱགས་སྡེར་ལྷམ་གྱོན་ཏེ་འགྲོ་དགོས་པ་བསླབས་པ་དང་། ཁོང་གིས་མགྱོགས་པོ་ཤེས་ཀྱི་ཡོད།
ཡིན་ནའང་། རི་རྩེར་འཛེགས་འགོ་ཚུགས་རྗེས་ཁོང་ལ་འགྱོད་པ་སྐྱེས་མྱོང་ཡོད་པ་རེད།
    “སྨི་7000ལྷག་གི་མཚམས་སུ་སླེབས་རྗེས། རླུང་ཤུགས་ཆེ་བས། ལངས་ཀྱང་ཐུབ་ཀྱི་མིན་འདུག”ཅེས་སྐལ་བཟང་གིས་བཤད། རི་རྩེར་འཛེགས་པའི་ཉིན་དེར། རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་8600ཡོད་པའི་“སྐས་རིམ་གཉིས་པ”བརྒྱུད་སྐབས། ཕྱི་རྒྱལ་གྱི་འགྲུལ་པ་ཞིག་དྲང་འཕྱང་གི་བྲག་ལྡེབས་ཐོག་ཞེད་ནས་སྐྱོད་མི་ཐུབ་པར་གནས།
    “ང་ཡང་ཞེད་ནས། ཐག་པར་དམ་པོར་བཟུང་ནས་མར་བལྟ་ཕོད་མ་བྱུང་”ཞེས་སྐལ་བཟང་གིས་བཤད། སྐབས་དེར་ཁྱིམ་གྱི་བཟའ་ཟླ་དང་ཕྲུ་གུ་ཡིད་ལ་འཁོར་ནས། མ་འཛེགས་ན་ཡོང་བ་བསམ་བྱུང་།
    སྟབས་ལེགས་པ་ཞིག་ལ། སྐྱ་རེངས་ཤར་རྗེས། སྐལ་བཟང་རི་རྩེར་འཛེགས་ཐུབ་པ་རེད། རི་རྩེར་འཛེགས་རྗེས། ཁོང་གིས་“རྐང་འོག་གི་སྤྲིན་པ་ཁོད་སྙོམས་ཤིང་། རྒྱ་ཆེན་པོ་ཡོད་པ་”མཐོང་། ཁོང་སྐབས་དེར་སེམས་པ་ཧ་ཅང་དགའ་པོ་བྱུང་ཡོད།  དེ་ནི་“ཁྱིམ་དུ་ལོག་ཆོག་པས”ཡིན་ཤས་ཆེ།
     ལོ་བཅུ་རིང་ཇོ་རིར་སྡོད་པ་དང་། ལོ་བཅུ་རིང་འབྲོག་རར་སྡོད།  

     གྲོང་ཚོའི་ནང་གི་མིས་སྐལ་བཟང་དཔའ་བོ་རེད་སྙམ་གྱི་ཡོད། ཡིན་ན་ཡང་མི་ཁག་གཅིག་གིས་ཁོང་ནི་སྨྱོན་པ་རེད་ཅེས་ཤོད་ཀྱི་ཡོད། ལོ་གཉིས་པ་དེར། ཁོང་སྔར་བཞིན་ཇོ་མོ་གླང་མར་ལས་ཀར་ཕྱིན་ཡོད། མི་རྣམས་ཀྱིས་ཁོང་རི་རྩེར་འཛེགས་པ་ཤེས་མོད། ཡིན་ནའང་། ཧི་མ་ལ་ཡའི་རི་རྒྱུད་དུ་ཞིང་འབྲོག་མང་ཚོགས་མགྱོགས་མྱུར་རི་འཛེགས་ཕོ་རྒོད་དུ་འགྱུར་བའི་གཏམ་རྒྱུད་མང་པོ་ཡོད་པ་དང་། ནེ་པ་ལའི་ཤར་པ་བ་སྔོན་ཆད་ནས་སྐད་གྲགས་ཆོད་ཡོད་པས་སྐལ་བཟང་སྐད་གྲགས་དེ་ཙམ་ཐོན་མེད་པ་རེད།


    ཁོང་གིས་ལའོ་སེར་ཚོགས་པའི་ནང་ལས་ཀ་ལོ་བཅུ་བྱས། 2008ལོར། ལའོ་སེར་གྱིས་ནེ་པ་ལའི་ཕྱོགས་ཀྱི་ཇོ་མོ་གླང་མའི་ལྷོ་ཕྱོགས་སུ་གནས་སྒྱུར་བ་རེད།
    དེ་ནས་རི་འཛེགས་དོ་དམ་ཉིན་རེ་བཞིན་ཇེ་དམ་དུ་ཕྱིན་པ་དང་བསྟུན། སྤྱིར་བཏང་གི་གྲོང་མིས་ཆེས་མང་ན་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་6500རུ་དངོས་རྫས་སྐྱེལ་བ་དང་། གད་སྙིགས་གཙང་སེལ་བྱེད་པ་ལས་འགྲོ་ཆོག་གི་མེད་པར་བརྟེན་བདེ་འཇགས་ངང་ཡོང་འབབ་བསགས་ཐུབ་ཀྱི་ཡོད་པ་རེད།
    2008ལོའི་རྗེས་སུ། སྐལ་བཟང་གིས་སླར་ཡང་འབྲོག་པ་བྱས་ནས་ཕལ་ཆེར་ལོ་ཧྲིལ་པོ་འབྲོག་རར་སྡོད་ཀྱི་ཡོད། 2018ལོར། ཁོང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་བདམས་པས་གྲོང་ཚོར་སྡོད་པའི་དུས་ཚོད་མང་དུ་ཕྱིན་ཡོད། ལོ་རེའི་ཟླ་བཞི་པ་དང་ལྔ་པར་ཤང་ནས་སྔར་བཞིན་འབྲི་གཡག་དེད་དེ་རི་འཛེག་རུ་ཁག་ལ་དངོས་རྫས་སྐྱེལ་རོགས་བྱས་ནས་དངུལ་གསོག་གི་ཡོད་པ་དང་། ཁོང་གིས་གོ་སྐབས་དེ་ཕྲུ་གུར་སྤྲད་ཡོད།
    ད་ལོ། ཇོ་མོ་གླང་མའི་མཐོ་ཚད་ཚད་འཇལ་གྱི་5Gའཛུགས་སྐྲུན་ལ་སྐབས་འཕྲལ་གླ་པ་དགོས་ཀྱི་ཡོད་པས། སྐལ་བཟང་གིས་སླར་ཡང་ཇོ་མོ་གླང་མར་ཕྱིར་ལོག་བྱས་པ་རེད།
    རི་འཛེགས་པའི་དོན་སྙིང་།
    ཇོ་རིར་འཛེགས་མྱོང་བའི་མི་ཚང་མར་རི་འཛེགས་ཀྱི་དོན་སྙིང་གང་ཡིན་ཞེས་དྲིས་སྲིད།

    སྐལ་བཟང་ལ་དྲི་སྐབས། ཁོང་གི་ལན་ནི་ནམ་ཡང་“རི་རྩེར་སླེབས་རྗེས་སེམས་པ་དགའ་པོ་འདུག རང་ཉིད་ཀྱི་གཟུགས་པོ་ཡག་པོ་ཡོད་པ་ར་སྤྲོད་བྱེད་ཐུབ”ཅེས་པ་དེ་རེད།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1