ཏོག་གསར་གློ་ཚད་ཁྲོད་བོད་སྨན་གྱིས་ཐོན་པའི་ཕན་ནུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 06-19


          ཉེ་ཆར། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཙོ་གཉེར་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དང་། བོད་རང་སྐྱོང་སྨན་རྩིས་ཁང་། བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱིས་འགན་གཉེར་བྱས་པའི་བོད་ལུགས་གསོ་རིག་གི་རིམས་འགོག་ཕན་འབྲས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ་དང་། དེའི་དམིགས་ཡུལ་ནི་རྒྱ་བོད་གསོ་རིག་ཆེད་མཁས་ཚོས་ཏོག་གསར་གློ་ཚད་འགོག་བཅོས་དང་དབུགས་ལམ་གྱི་འགོ་ནད། གཞན་ད་དུང་འགོ་ནད་གཞན་དག་འགོག་བཅོས་སོགས་ཀྱི་ཐད་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་ཕན་ནུས་ཐོན་པའི་སྐོར་བགྲོ་གླེང་བྱས་ནས། བོད་ཀྱི་གསོ་བ་རིག་པ་དུས་བསྟུན་འཕེལ་རྒྱས་ཡོང་བའི་གོམ་སྟབས་མགྱོགས་སུ་བཏང་བ་རེད།

          ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་དུ་བླངས་ནས་བོད་ལུགས་གསོ་རིག་ཆེད་མཁས་སྒྲིག་འཛུགས་བྱས་ཏེ། དུས་ཚོད་དམ་འཛིན་གྱིས༼ཏོག་གསར་གློ་ཚད་རིམས་ནད་བོད་སྨན་ལ་བརྟེན་ནས་འགོག་བཅོས་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་ཇུས་གཞི༽(བོད་ཡིག་དང་རྒྱ་ཡིག་གི་པར་གཞི)ཞིབ་འཇུག་བྱས་ནས་བཟོས་པ་དང་སྦྲགས། ནག་པོ་དགུ་སྦྱོར་དང་། ལོ་གྱོན་མ། འཕྲུལ་ཐང་སོགས་ཏོག་གསར་གློ་ཚད་སྨན་བཅོས་བྱེད་པའི་ཇུས་གཞིའི་ནང་བཞག་པ་དང་། ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཆེས་བྲིན་བོད་སྨན་གྱིས་ཐོན་སྐྱེད་བྱས་པའི་འཕྲུལ་ཐང་དང་། ལོ་གྱོན་མ། རིན་ཆེན་མང་སྦྱོར་བཅས་ཏོག་གསར་གློ་ཚད་སྔོན་འགོག་དང་། སྨན་བཅོས། དྲག་སྐྱེད་བཅས་ལ་སྤྱད་པར་མ་ཟད། ཧུའུ་པེར་རོགས་སྐྱོར་བྱེད་མཁན་ཀན་སུའུ་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་ཁག་དང་པོས་གོང་གསལ་གྱི་སྨན་དེ་དག་གཏན་འཁེལ་བྱུང་བའི་ནད་དཔེ་༢༦གི་སྨན་བཅོས་ཐད་སྤྱད་དེ་ཕན་ནུས་ཡག་པོ་ཐོན་པས། གསོ་རིག་ལས་རིགས་ཀྱིས་འདི་ནི་བོད་སྨན་ཁྱབ་ཁོངས་སུ་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་བྱ་བ་བཟང་པོ་ཞིག་རེད་ཅེས་བརྗོད་པ་རེད།

          བགྲོ་གླེང་ཚོགས་འདུའི་ཐོག བོད་སྨན་ལ་བརྟེན་ནས་ཏོག་གསར་གློ་ཚད་འགོག་བཅོས་ནང་ཞུགས་མྱོང་བའི་ཆེད་མཁས་སྨ་པ་༩ཡིས་སོ་སོའི་ལས་ཀའི་དོན་དངོས་དང་སྦྲེལ་ནས། ཝུའུ་ཧན་དང་། ཀན་སུའུ། བོད་ལྗོངས་བཅས་ཀྱི་རིམས་འགོག་འཐབ་ས་དང་པོའི་ཁྲོད་ཐོན་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་ཕན་ནུས་ངོ་སྤྲོད་བྱས་པ་དང་། ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གི་གཙོ་འགན་འཁུར་མཁན་སྨན་གཡོག་པ། ཧུའུ་པེར་རོགས་སྐྱོར་བྱེད་མཁན་ཀན་སུའུ་ཡི་ནད་སྐྱོང་རུ་ཁག་གི་རུ་དཔོན་སུང་ཞ་ཡིས་ཧུའུ་པེར་རོགས་སྐྱོར་བྱེད་མཁན་ཀན་སུའུ་ཡི་སྨན་བཅོས་རུ་ཁག་གི་མི་༧༩༦དང་། ལན་ཀྲོའུ་ཁུལ་གསར་རྗེས་གྲབས་སྨན་ཁང་གི་དབྱི་རག་ནས་ལོག་པའི་མི་སྣ་དང་སྨན་ཁང་དུ་ཉར་ནས་ལྟ་ཞིབ་འགོག་བཅོས་བྱེད་མཁན་སྨན་དོན་མི་སྣ་དང་། ནད་པ་༨༡༢ཀྱིས་དུས་མཚམས་མི་འདྲ་བར་འཕྲུལ་ཐང་དང་། ལོ་གྱོན་མ། རིན་ཆེན་མང་སྦྱོར་སོགས་བོད་སྨན་བསྟེན་ནས་འགོག་བཅོས་བྱས་པས། མི་གཅིག་ལ་ཡང་ཏོག་གསར་གློ་ཚད་འགོས་མི་འདུག་ཅེས་བརྗོད་པ་རེད།

          དེ་དང་ཆབས་ཅིག ཡོན་ཧྲི་ཀྲུང་ནན་ཧྲན་གྱི་ཚོགས་པའི་ཚན་ཞིབ་མི་སྣ་ཡང་ད་རེས་ཀྱི་བགྲོ་གླེང་ཚོགས་འདུར་ཆེད་མངགས་ཞུགས་ཡོད་པ་དང་། ཏོག་གསར་གློ་ཚད་སྨན་བཅོས་ཐད་ཐོན་པའི་བོད་སྨན་གྱི་ཕན་ནུས་ལ་ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་ཀྱང་དོ་ཁུར་གནང་ཡོད། ཡོན་ཧྲི་ཀྲུང་ནན་ཧྲན་གྱི་ཚོགས་པས་ཀན་སུའུ་ཏོག་གསར་གློ་ཚད་འགོག་བཅོས་ཆེད་མཁས་ཚོགས་ཆུང་དང་དྲ་སྦྲེལ་ནས་བགྲོ་གླེང་བྱེད་སྐབས། ཏོག་གསར་གློ་ཚད་ཚབས་ཆེར་མི་འགྲོ་བའི་སྔོན་འགོག་བྱ་རྒྱུ་ནི་འགག་རྩ་ཞིག་ཡིན་པ་དང་། དེའི་ཐད་བོད་སྨན་ཞིབ་འཇུག་གཏིང་ཤུགས་ཆེན་པོ་འདུག དེར་བརྟེན། ཏོག་གསར་གློ་ཚད་སྨན་བཅོས་ཐད་བོད་སྨན་གྱི་ནད་ཐོག་ཚོད་ལྟའི་ལས་དོན་སྔར་བས་སྤེལ་རྒྱུར་རྒྱབ་སྐྱོར་བྱ་འདོད་ཡོད་ཅེས་བརྗོད་བྱུང་ཞེས་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས་བཤད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1